༢༠༡༢ ཟླ་ ༡༢ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་ནས་མི་ལོ་ ༦༤ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ཆེད། ཉིན་དེར་རྒྱ་གར་བྱང་ཕྱོགས་ཨུཏྟར་པར་དེ་ཤིའི་མངའ་སྡེའི་གྲོང་ཁྱེར་མི་ར་ཌ་(Meerut) ནང་དུ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་སྤྱིའི་ལྷན་ཚོགས་ཤིག་ (Antarashtriya Bharat Tibbat Sahyog Samiti) ཚོགས་ཏེ་བོད་མི་ཚོར་གདུང་སེམས་མཉམ་སྐྱེའི་ལས་འགུལ་སྤེལ་ཡོད། ལྷན་ཚོགས་གོ་སྒྲིག་གནང་མཁན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ (Tibet Support Group) རྒྱ་གར་མཐོ་སློབ་མཐུན་ཚོགས་ (IIMT Groups of College) ཡིན་འདུག
ལྷན་ཚོགས་སྐབས་དགེ་རྒན་དང་སློབ་ཕྲུག བོད་དོན་རྒྱབ་སྐྱོར་བ་སོགས་མི་གྲངས་བརྒྱ་ཕྲག་བརྒལ་བས་མཉམ་ཞུགས་གནང་ཡོད། ལྷན་ཚོགས་ཀྱི་འབོད་ཚིག་ནི། ང་ཚོས་བོད་མི་ཚོར་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་ཞུ་རྒྱུ་ཡིན།“(We stand in Solidarity with Tibet)”ཞེས་པ་དེ་ཡིན། སྐབས་དེར་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨིན་དར་སིངྒ་ནམ་དཱ་རི་(Mr Inder Singh Namdhari) མཆོག་གིས་ཕྱི་ལོ་ ༡༩༦༢ ལོར་རྒྱ་ནག་དམར་པོའི་སྲིད་གཞུང་གིས་རྒྱ་གར་ལ་བཙན་འཛུལ་བྱས་པའི་ལོ་རྒྱུས་དྲན་གསོ་གནང་བ་དང་སྦྲགས། བོད་མི་ཚོར་དམ་བསྒྲགས་མཚམས་འཇོག་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་བརྩི་བཀུར་ཞུ་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་ཡོད། ཕྱོགས་མཚུངས་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཁང་གི་འགན་འཛིན་སྐུ་ཞབས་ཨེན་ཀེ་ཊི་ཀ་ (Dr N K Trikha) མཆོག་གིས་རྒྱ་གར་གཙོ་བོར་གྱུར་བའི་ཨ་རི་དང་རྒྱལ་སྤྱིའི་ཚོགས་པ་ཁག་གིས་དེང་སྐབས་བོད་ནང་ཛ་དྲག་གི་དཀའ་ངལ་འཕྲད་བཞིན་པ་དེར་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་ཡོད།
གཞན་ཡང་བོད་མི་མང་སྤྱི་འཐུས་ཨཱ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པའི་སྲིད་བྱུས་འོག་བོད་མི་རྣམས་ད་ཆ་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་སྲེག་གཏོང་བཞིན་ཡོད་པར་བརྟེན། རྒྱ་གར་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་མིའི་ཛ་དྲག་གི་དཀའ་ངལ་ལ་གདུང་སེམས་མཉམ་སྐྱེ་ཐོག་འཕྲལ་མར་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་རེ་འདུན་བཏོན་ཡོད་པ་བཅས།།