༢༠༡༢ ཟླ་ ༡༢ ཚེས་ ༡༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ པའི་ཐོག་༸གོང་ས་མཆོག་མོན་གྷོ་འདོད་རྒུ་གླིང་གཏན་སློབ་ཏུ་ཆིབས་སྒྱུར་གྱིས་༸ཞབས་སོར་འཁོད་སྐབས་སློབ་ཕྲུག་གཉིས་ཀྱིས་གྲོ་སོ་ཕྱེ་མར་འདེགས་འབུལ་ཞུས་པ་དང་ཆབས་ཅིག་རོལ་དབྱངས་ཀྱི་ལམ་ནས་ཕེབས་བསུདང་སྦྲགས་སློབ་གྲྭའི་ཚོམས་ཆེན་དུ་གདན་འདྲེན་ཞུས་རྗེས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་ཕུལ་གྲུབ་བསྟུན་སློབ་སྤྱི་ཐར་ལམ་སྒྲོལ་མ་ལགས་ཀྱིས་སློབ་གྲྭའི་གནས་སྟངས་སྙིང་བསྡུས་ཤིག་སྙན་སྒྲོན་ཞུས་ཡོད། དེ་ནས་སློབ་ཕྲུག་རྣམས་ཀྱིས་མཎྜལ་སྐད་གསང་མཐོན་པོས་གསུང་འདོན་གྲུབ་མཚམས་མཐོ་རིམ་དང་དམའ་རིམ་འཛིན་གྲྭའི་སློབ་ཕྲུག་ཁག་གཅིག་གིས་རིགས་ལམ་རྩོད་རྒྱུགས་གཟིགས་འབུལ་ཞུས་ཡོད།
དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩེའི་ལམ་སྟོན་བཀའ་སློབ་ཕེབས་དོན། འདི་གར་གཞིས་ཆགས་ཀྱི་སློབ་གྲྭའི་དབུ་ཁྲིད་ཚོ་དང་ལས་བྱེད། གཙོ་བོ་སློབ་ཕྲུག་ཕོ་མོ་དང་བཅས་པ་ཁྱེད་རང་ཚང་མར་ཞུ་རྒྱུར། དེ་རིང་ངོས་འདི་གར་སླེབས་པ་དང་སློབ་ཕྲུག་ཚོ་ཐུག་ན་བསམ་པ་དེ་ལྟར་ཡིན། ཁྱེད་རྣམས་ཀྱི་གྲ་སྒྲིག་ཧ་ཅང་ཡག་པོ་བྱས་འདུག་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། གོང་དུ་ལས་བསྡོམས་ནང་འཁོད་པ་ལྟར་གལ་ཆེ་ཤོས་སློབ་ཕྲུག་ཚོའི་རྒྱུགས་སྤྲོད་དེ་དག་ཡག་པོ་ཡོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ཡང་རྒྱ་གར་རྒྱལ་ཡོངས་ནང་གཟེངས་སུ་ཐོན་པའི་སློབ་སྦྱོང་རྩེ་ཕུད་བྱུང་བ་གཞིས་ཆགས་ཀྱི་སློབ་གྲྭའི་ནང་ནས་ཐོན་ཡོང་སྐབས་ཧ་ཅང་ཡག་པོ་བྱུང་འདུག དེ་དག་དགའ་སྤོབས་སྐྱེས་འོས་པ་དང་གཞན་ལའང་སེམས་ཤུགས་སྤར་རྒྱུ་ཞིག་ཆགས་ཀྱི་ཡོད།
ང་ཚོ་བོད་མི་རིགས་འདི་རྩ་བ་སྐད་ཡིག་ཁྱེད་ཚོས་རྟགས་གསལ་བཏང་བ་ལྟར། ང་ཚོའི་དབྱངས་དང་གསལ་བྱེད་བྱས་ཏེ་སྐད་ཡིག་ཟུར་གསལ་ཞིག་ཡོད། རྩ་བ་རྒྱ་གར་གྱི་དབྱངས་དང་གསལ་བྱེད་ལས་དཔེ་བལྟས་ཏེ་བླངས་པ་ཞིག་ཡིན་ཡང། སོ་སོའི་སྐད་ཡིག་ཟུར་གསལ་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད། སྔར་བོད་ཀྱི་ཆོས་རྒྱལ་ཚོ་ཧ་ཅང་དགོངས་པ་རྒྱ་ཆེན་པོ་དམིགས་ཡུལ་ཤུགས་ཆེན་པོ་ཡོད་པ་ཞིག་རེད། ངོས་རྟག་ཏུ་དེ་དྲན་གྱི་འདུག དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བོད་ཡིག་ཡར་རྒྱས་བཏང་བ་ཧ་ཅང་གསལ་པོ་རེད།
དེའི་སྔོན་བོད་ཡིག་ཡོད་མེད་ཟེར་བའི་ཞང་ཞུང་དམར་ཡིག་ཟེར་བ་ཞིག་ཡོད་པ་དང་། ཡང་ཐེ་ཚོམ་ཤོད་ཀྱི་ཡང་འདུག ཐག་ཆོད་པ་ཆོས་རྒྱལ་སྲོང་བཙན་སྐབས་ཐོན་མི་སམ་བྷོ་ཊས་ཐུགས་ཁུར་བཞེས་ཏེ་བོད་ཡིག་ཡར་རྒྱས་བཏང་བ་ཧ་ཅང་གསལ་པོ་རེད། དེ་ལྟར་ལྟ་སྐབས་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་རང་གི་བཙུན་མོ་ཡོད་པའི་ཐོག་བལ་བཟའ་དང་དེ་ནས་རྒྱ་བཟའ་བཅས་ལ་འཁྲུངས་ས་བསྐྱོན་ཏེ་རྒྱ་བཟའ་བལ་བཟའ་གཉིས་པོས་སོ་སོའི་ལུང་པ་ནས་ཐུབ་དབང་གི་སྣང་བརྙན་རེ་རེ་བོད་ལ་གདན་ཞུ་གནང་སྟེ་ཧ་ཅང་འབྲེལ་བ་བྱུང་བ་རེད། རྒྱ་ནག་ལ་ལོ་སུམ་བརྒྱ་བཞི་བརྒྱ་ཞིག་གོང་ནས་ནང་ཆོས་དར་བ་རེད། ཐུབ་དབང་སྐུ་ཡང་རྒྱ་ནག་ནས་གདན་ཞུ་གནང་བ་རེད།
དེ་བཞིན་བལ་པོ་དང་འབྲེལ་བ་ཡོད་ཀྱང་། བོད་གངས་ཅན་པར་སོ་སོ་རང་ཉིད་ལ་སྐད་ཡིག་ཅིག་དགོས་ཀྱི་ཡོད་པ་དང་ཆོས་དེའང་རྒྱ་གར་ནས་ཐད་ཀར་བཞེས་རྒྱུ་ཞིག་གི་ཐག་གཅོད་གནང་སྟེ་བྱུང་ཡོད། དེའི་ཕྱག་ལས་འཕྲོས་དེ་དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་སྐབས་ནམ་རྒྱུན་ང་ཚོ་མཁན་སློབ་ཆོས་གསུམ་ཞེས་མཁན་ཆེན་ཞི་བ་འཚོ་ན་ལེནྡྲའི་མཁས་པ་སྙན་གྲགས་ཡོད་པ་ཞིག་ཆགས་ཡོད། ཁོང་གིས་བརྩམས་པའི་དཔེ་ཆ་དེ་དག་ཧ་ལས་པའི་ཡག་པོ་ཡོད། ཁོང་གདན་ཞུས་དང་སློབ་དཔོན་རིན་པོ་ཆེས་ཕྱག་རོགས་གནང་སྟེ་སངས་རྒྱས་ཀྱི་ཆོས་གསར་པ་ཞིག་བོད་ལ་དར་སྐབས། འགལ་རྐྱེན་ཡོད་པ་དེ་དག་སེལ་རྒྱུར་སློབ་དཔོན་རིན་པོ་ཆེས་ཐུགས་འཁུར་རྐང་བཞེས་ཐོག་རྩ་བའི་ཡི་གེ་བསྒྱུར་རྒྱུ་དང་དེ་བཞིན་ནང་ཆོས་སློབ་ཁྲིད་གནང་རྒྱུ། སྡོམ་པ་བོགས་རྒྱུ་དེ་ཚོའི་གྲས་མཁན་ཆེན་ཞི་བ་ཚོས་འགན་རྐང་བཞེས་ཡོད། འགའ་ཤས་ཀྱི་དེ་འདྲ་ཤོད་མཁན་བྱུང་། མཁན་ཆེན་ཞི་བ་ཚོས་ནང་ཆོས་བོད་སྤེལ་དུས་ལེགས་སྦྱར་དང་པཱ་ལིའི་སྐད་བསླབ་པ་དེའི་ཐོག་ནས་སློབ་སྦྱོང་བྱེད་རྒྱུ་ལྟ་བུ་མ་གནང་བར། བོད་རང་གི་སྐད་ཡིག་ཐོག་བསྒྱུར་ཏེ་བོད་པའི་སྐད་ཡིག་གི་རང་མགོ་ཐོན་པ་ཞིག་དགོས་ཀྱི་རེད། ཅེས་མཁན་ཆེན་ཞི་བ་ཚོས་གསུངས་པའི་ལོ་རྒྱུས་སྨྲ་བ་འགའ་ཤས་ནས་ཤོད་ཀྱི་འདུག མཁན་ཆེན་ཞི་བ་འཚོ་བོད་ལ་ཕེབས་པའི་སྐབས། ཡོངས་གྲགས་བརྩིས་ན་དགུང་ལོ་བདུན་ཅུ་དོན་ལྔ་རེད་བརྗོད་ཀྱི་འདུག ང་རང་ཚོས་སྐབས་རེ་དགུང་ལོ་སྟོང་ཕྲག་གཅིག་ཙམ་བཞུགས་པ་རེད་བརྗོད་ཀྱི་ཡོད། ངོས་ལ་རྒྱ་གར་གྱི་ལོ་རྒྱུས་སྨྲ་བས་བརྗོད་བྱུང་། དགུང་ལོ་དགུ་བཅུ་རེད། བོད་པས་ཀླད་ཀོར་གཅིག་ཁ་སྣོན་བྱས་ཏེ་དགུ་བརྒྱ་བཟོས་པ་དེ་འདྲ་བརྗོད་མཁན་ཡོང་གི་འདུག
མདོ་དོན་ཁོང་བོད་ལ་ཕེབས་སྐབས་དགུང་ལོ་བགྲེས་པོ་ཆགས་ཡོད་ཀྱང་བོད་ཡིག་སློབ་སྦྱོང་གནང་བ་བརྗོད་ཀྱི་འདུག བོད་པ་རང་ལ་ཡོད་པའི་ཡི་གེའི་ཐོག་བཀའ་དང་བསྟན་བཅོས་དེ་དག་བོད་ཡིག་རང་གི་ཐོག་བསྒྱུར་རྒྱུ། དེའི་སྐབས་ལེགས་སྦྱར་དང་པཱ་ལིའི་གཞུང་ནང་དུ་ནང་ཆོས་ཀྱི་ལྟ་གྲུབ་མིང་ཚིག་ཡོད་པ་དེ་དག་བོད་ཡིག་ནང་ཚིག་གསར་པ་རིམ་བཟོས་བྱས་པར་བརྟེན། དེང་སང་ལེགས་སྦྱར་སྐད་དང་ཐག་ཉེ་ཤོས་དེ་བོད་ཡིག་ཆགས་ཡོད་པ་བརྗོད་ཀྱི་འདུག ལེགས་སྦྱར་སྐད་ནི་གནའ་རབས་ཀྱི་ཡི་གེ་རྙིང་ཁོངས་དང་ཡི་གེ་ཚད་མཐོ་པོ་བརྩི་གི་ཡོད། དེ་དང་ཐག་ཉེ་ཤོས་བོད་ཡིག་ཡིན་པ་བརྗོད་ཀྱི་འདུག དེ་ལྟར་ཆགས་རྒྱུའི་དངོས་ཡོད་གནས་སྟངས་ལེགས་སྦྱར་ནས་བོད་པའི་སྐད་ཡིག་ནང་བསྒྱུར་སྐབས། ཡི་གེའི་མིང་ཚིག་གསར་པ་རིམ་བཟོས་བྱས་སྟབས། མིང་ཚིག་ཏག་ཏག་འགྲོ་མཁན་ཞིག གང་ལྟར་ང་ཚོའི་སྐད་ཡིག་ཟུར་དུ་ཡོད་པ་དེ་དངོས་གནས་སྤོབས་པ་སྐྱེ་རྒྱུ་ཞིག་རེད། ངོས་རང་འཛམ་གླིང་གི་ལུང་པ་འདྲ་མིན་ནང་སླེབས་ཀྱི་ཡོད། ལི་ཌན་ཨ་མི་རི་ཀ དེ་བཞིན་ཡུ་རོབ། ཨོ་སི་ཊོ་ལི་ཡ། ནིའུ་ཛི་ལན་ཌི། ཐེ་ལན་ཌི་ལུང་པ་དེ་ཚོའི་ནང་གདོད་མའི་མི་རིགས་ཤིག་ཡོང་གི་ཡོད། དེ་ཚོའི་གྲས་ཀྱི་སོ་སོའི་རིག་གཞུང་གཅེས་སྤྲས་སྲུང་སྐྱོབ་བྱེད་རྒྱུར་ཧ་ཅང་སེམས་འཁུར་གནང་གི་འདུག ངོས་ཀྱིས་སྐད་ཆ་འདྲི་གི་ཡོད། སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་ཡོད་ལ་དེང་སང་འཛམ་གླིང་འདིའི་སྟེང་སོ་སོའི་གནའ་རབས་ཀྱི་རིག་གཞུང་དང་གོམས་གཤིས་དེ་ཚོ་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་ཡོད། འཛམ་གླིང་ཡོངས་གྲགས་ཀྱིས་ལྟ་བཞིན་ཡོད། གོ་སྐབས་ཡག་པོ་དང་ཁྱེད་རང་ཚོས་སེམས་ཤུགས་བསྐྱེད་པ་ཧ་ཅང་ཡག་པོ་རེད། ཡི་གེ་ཡོད་དམ། སྐད་ཆ་འདྲི་སྐབས། མང་ཆེ་བར་ཡི་གེ་མི་འདུག ངག་རྒྱུན་བཤད་དེ་འཛིན་རྒྱུ་ཞིག་མ་གཏོགས་ཡི་གེ་མེད་སྟབས་ཡིག་ཐོག་ཏུ་འགོད་རྒྱུ་མེད། དེ་དག་ཐུག་སྐབས་ང་ཚོ་བོད་པ་གཞི་ནས་སྤོབས་པ་སྐྱེ་རྒྱུ་ཞིག་འདུག
ང་ཚོ་བོད་པ་སོ་སོའི་ཡི་གེ་ཡོད། ཡི་གེ་ཤེས་བྱའི་སྡེ་ཚན་འདྲ་མིན་ནང་ཡར་རྒྱས་ཕྱིན་མ་ཕྱིན་གནས་ཚུལ་ཁག་ཁག་རེད། ནང་པའི་ལྟ་གྲུབ་ཐོག་བོད་ཡིག་ཧ་ཅང་ཡར་རྒྱས་ཕྱིན་ཡོད། དེང་དུས་ཚན་རིག་དང། དཔལ་འབྱོར། ཆབ་སྲིད། སྐྱེ་དངོས་རིག་པ་དེ་ཚོའི་གྲས་དེ་སྔ་ང་ཚོ་བོད་པའི་ཤེས་ཡོན་གྱི་སྡེ་ཚན་ནང་མེད། དེར་བརྟེན་དེ་ཚོའི་ནང་ཡར་རྒྱས་ཕྱིན་མེད་ལ་འདང་གི་མེད། དབྱིན་ཡིག་ཕྱུག་ཤོས་ཤིག་ཡིན་དུས་བསྒྱུར་གཞི་བྱས་ཏེ་བོད་ཡིག་ནང་མིང་ཚིག་གསར་པ་བཟོས་ནས་ང་ཚོས་བྱེད་མ་ཐུབ་པ་མེད་ལ་བྱེད་ཀྱི་ཡང་ཡོད། རྩ་བ་ང་ཚོ་བོད་ཡིག་དེ་མི་རིགས་ཀྱི་སྤོབས་པ་སྐྱེ་རྒྱུ་ཞིག་ཆགས་འདུག དེ་བཞིན་ང་ཚོའི་ཆོས་རྒྱལ་ཚོའི་སྐབས་ནས་བཟུང་ང་ཚོའི་མི་རིགས་འདི་བསམ་བློ་ཧ་ཅང་རྒྱ་ཆེན་པོ་དང་གུ་ཡངས་པོ་སོ་སོའི་ཆོས་དང་རིག་གཞུང་སྔར་ནས་ཡོད་པ་དེ་ཁོ་ནར་ཞེན་ཁོག་བྱས་ཏེ་མ་བསྡད་པར། ཡག་ས་ག་པར་འདུག་དེར་གཟིགས་ཏེ་ག་པར་ཡག་པ་ཡོད་པ་དེ་ནས་ཚུར་བཞེས་རྒྱུ་ཞིག་གནང་འདུག ཞེས་ས་མ་ཞུས་ན་བསམ་བློ་གུ་ཡངས་པོ་ཡོད་པའི་རྟགས་རེད། བསམ་བློ་གུ་ཡངས་མེད་ན་གཞན་ནས་ལེན་གྱི་མ་རེད། ང་ཚོ་དེ་ལྟ་བུའི་མི་རིགས་ཤིག་ཆགས་ཡོད། ཧ་ལམ་བོད་པའི་ལོ་རྒྱུས་ཤོད་སྐབས། ང་ཚོའི་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་ཡོངས་གྲགས་ནང་ཆོས་དར་བའི་རྗེས་ཀྱི་ནང་ཆོས་དང་འབྲེལ་བའི་ལོ་རྒྱུས་སྨྲ་བ་ཚོས་ཆོས་རྒྱལ་གཉའ་ཁྲི་བཙན་པོ་བྱུང་ནས་ལོ་ཉིས་སྟོང་ལྷག་ཙམ་གསུང་གི་ཡོད། བོན་པོའི་གཞུང་ནས་གསུངས་པ་ཡིན་ན། ཆོས་རྒྱལ་གཉའ་ཁྲི་བཙན་པོ་མ་བྱུང་སྔོན་ནས་ཕལ་ཆེར་རྒྱལ་རབས་ཉི་ཤུ་ཙམ་གཉའ་ཁྲི་བཙན་པོའི་གོང་ནས་ཤོད་ཀྱི་འདུག ཧ་ལམ་ལོ་སུམ་སྟོང་ཡས་མས་ཤིག་ཕྱིན་པ་ལོ་རྒྱུས་ནང་ཤོད་ཀྱི་ཡོད།
དངོས་སུ་ངོས་ཀྱིས་ཤེས་པ་དེ་སྔ་མོ་ཕལ་ཆེར་ཕྱི་ལོ་ ༡༩༤༦།༡༩༤༧ ལྷ་སའི་ཉེ་འཁོར་ལ་སྐུ་མདུན་སྐུ་གོང་མའི་སྐབས་ནས་གློག་ཁང་ཞིག་བཟོས་ཡོད། དེ་རྒྱ་ཆེ་རུ་བཏང་སྟེ་ཡུར་བུ་གསར་པ་ཞིག་བཟོ་སྐབས། ས་འོག་ནས་མིའི་རོ་ཞིག་ཐོན་པ་དང་། ལོ་མང་ཕྱིན་ནས་རུས་པ་ལྷག་པ་ཞིག་སྔོག་དུས་གཡམ་ལེབ་ཁེབས་གཅོད་བརྒྱབ་པ་ཞིག་ཕྱེ་སྐབས། མིའི་རུས་པ་དང་སྐབས་དེ་དུས་ཀྱི་མིའི་སྤྱི་ཚོགས་ནང་རྒྱན་ཆར་བརྩི་རྒྱུའི་དངོས་པོ་དང་། དེ་དུས་གློ་ཁང་བཟོ་མཁན་ཨོ་སི་ཊོ་ལི་ཡའི་ཧན་རི་ཧ་ར་དང་མཉམ་དུ་ཡོང་བ་ཨ་ཤཱ་ན་ཏ་ཟེར་བ་ཞིག་ཡོད། ཁོ་རང་ཡུར་བུ་བཟོ་མཁན་རེད། དེ་རིགས་ལ་དོ་སྣང་བྱེད་ཀྱི་ཡོད། རུས་པ་དེ་དག་ཧ་ཅང་རྩ་ཆེན་པོ་རེད། ཅེས་བརྗོད་ནས་ཨོ་སི་ཊོ་ལི་ཡར་བཏང་བ་ཡིན་ནམ་རྒྱ་གར་ལ་བཏང་བ་ཡིན་ནམ། རུས་པ་དེ་ལོ་ག་ཚོད་ཕྱིན་ཡོད་མེད་ཞིབ་འཇུག་བྱེད་སྐབས་ལོ་སུམ་སྟོང་ཕྱིན་འདུག་དངོས་ཡོད་གནས་ཚུལ་རེད། བར་ལམ་ཞིག་ལ་རྒྱ་མི་གནའ་རབས་དངོས་རྫས་ལ་ཞིབ་འཇུག་བྱེད་མཁན་དེ་འདྲ་ཚར་ཁ་ཤས་ཐུག་བྱུང་། དེ་ནས་རྒྱ་མི་ཞིག་གིས་འདྲ་དཔར་འཁྱེར་འདུག ངོས་ལ་པར་བསྟན་ཏེ་འགྲེལ་བཤད་བྱས་པར་གཞིགས་ན་ས་འོག་ནས་ཐོན་པའི་དངོས་རྫས་ལ་ཞིབ་འཇུག་བྱེད་སྐབས་ལོ་སྟོང་ཕྲག་དྲུག་བདུན་ཤོད་ཀྱི་འདུག ཅེས་སོགས་བོད་ཀྱི་གནའ་རྫས་དེ་དག་ལས་བོད་མི་རིགས་འདི་བོད་ས་རང་ནས་བྱུང་སྐོར་སོགས་ཀྱི་བཀའ་སློབ་སྩལ་ཡོད།
ལྷག་པར་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་ཕེབས་དོན། ང་ཚོའི་གནས་སྟངས་དེ་བོད་རྒྱ་ནག་གིས་དབང་བསྒྱུར་བྱས་ནས་ལོ་དྲུག་ཅུ་ལྷག་ཙམ་ཕྱིན་པ་རེད། ད་ལྟ་ང་ཚོ་བོད་པའི་གནས་སྟངས་དེ་མཐོང་ཆེ་རུ་ཕྱིན་པ་མ་གཏོགས་རྒུད་ཀྱི་མི་འདུག གང་ལྟར་ང་ཚོ་བོད་པའི་ཐོག་ལ་གཞན་དག་གི་རྒྱབ་སྐྱོར་དགོས་རྒྱུ་གལ་ཆེན་པོ་རེད། གཙོ་བོ་བོད་ནང་གི་རྒྱ་ཆེའི་མི་མང་སེམས་ཤུགས་ཧ་ལས་པ་དང་། ཕྱི་ཕྱོགས་སུ་ཡོད་པའི་བོད་པ་ཡང་སེམས་ཤུགས་ཧ་ལས་པ་རེད། འཛམ་གླིང་གི་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་བཞིན་པའི་ཐོག་བོད་པའི་བདེན་དོན་གསལ་དུ་འགྲོ་གི་ཡོད། རྒྱ་ནག་ནང་དུ་འགྱུར་བ་འགྲོ་དང་འགྲོ་བཞིན་པ་རེད། དེར་བརྟེན་ང་ཚོ་ཚང་མ་རེ་བ་ཆེན་པོ་ཡོད། སེམས་ཤུགས་སྒྲིལ་ཏེ་སྡོད་དགོས། སེམས་ཤུགས་སྒྲིལ་ཏེ་ག་རེ་བྱེད་དགོས་རེད་དམ་ཟེར་ན། སྐད་འབོད་བྱེད་པའི་སྐད་ཆ་མ་རེད། སློབ་སྦྱོང་ཡག་པོ་བྱེད་དགོས། ཕྱིན་ཆད་ང་ཚོ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་དུས་ཚོད་ཅིག་བྱུང་སོང་ན། ལས་རིགས་གང་ཡིན་ཡང་བོད་རང་གི་ཆ་ཚང་བྱེད་ཐུབ་པ་ཞིག་བྱེད་དགོས། གང་ལྟར་དཔལ་འབྱོར་ཡར་རྒྱས་དང་ཁོར་ཡུག བཟོ་གྲྭ འཛུགས་སྐྲུན་བྱེད་རྒྱུ་གང་དང་གང་ཡིན་ཡང་། བོད་པ་རང་གི་ཆ་ཚང་འགན་བླངས་ཐུབ་པ་ཞིག་བྱེད་དགོས་ཤེས་སོང་ངམ། དེར་བརྟེན་ཁྱེད་རང་ཚང་མས་སློབ་སྦྱོང་བྱེད་རྒྱུ་དེ་རིག་པ་སྒྲིམ་ཏེ་ཧུར་ཐག་བྱེད་དགོས། ད་ལྟའི་རྒྱུགས་འཕྲོད་ཡག་ཐག་ཆོད་བྱུང་འདུག ད་དུང་སེམས་ཤུགས་བསྐྱེད་ནས་ཕྱིན་ཆད་ང་ཚོ་དུས་ཚོད་བཟང་པོ་ཞིག་ཤར་བའི་སྐབས་ལ་ངས་ལས་རིགས་འདིའི་ནང་ལ་འགན་འཁྱེར་ཐུབ་པ་ཞིག་བྱེད་བསམ་པ་ཞིག་སོ་སོའི་སེམས་ནང་སྤོབས་པ་དང་གདེང་ཚོད་རྙེད་རྒྱུ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། ཧུར་ཐག་བྱོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་བཅས། །