ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༢ རེས་གཟའ་མིག་དམར།
འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བ་གཞིགས་ན། ཉེ་དུས་དཀར་མཛེས་ས་ཁུལ་དཀར་མཛེས་རྫོང་དང་བྲག་འགོ་རྫོངས་ཁོངས་སུ་ཞིང་པ་ཚོས་ས་ཞིང་འདེབས་ལས་མི་བྱེད་པར་རྒྱ་གཞུང་ལ་ངོ་རྒོལ་མཚོན་ཐབས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པར་བརྟེན། རྒྱ་གཞུང་གི་འབྲེལ་ཡོད་ཚན་པས་ལས་བྱེད་དང་དམག་མི་བེད་སྤྱོད་ཀྱིས་བཙན་ཤུགས་ཐོག་ཞིང་ལས་བྱ་རྒྱུའི་ཐབས་ལམ་བཏོན་བཞིན་ཡོད། ཡིན་ནའང་ས་གནས་སུ་དམག་མི་ཁྱོན་ཆེ་བཏང་བའི་དབང་གིས་ས་གནས་ཀྱི་སློབ་ཆུང་ཁག་དམག་མིའི་སྡོད་གནས་སུ་བེད་སྤྱོད་བཏང་རྐྱེན་སློབ་མཚམས་བཞག་དགོས་པའི་གནས་ཚུལ་བྱུང་འདུག
དེ་ཡང་ཕྱི་ཟླ་ ༣ ཚེས་ ༢༥ ཉིན་བྲག་འགོ་ཤིང་ཁོག་སྐྱ་ལམ་དུ་མི་མཉའ་དགོན་པའི་(དགོན་མིང་ཁ་གསལ་མིན་འདུག) གྲྭ་དབང་བློ་དང་ཐུབ་བསྟན་གཉིས་ནས་སྔ་ལོ་བོད་ས་ཡོངས་ནང་ཞི་བའི་སྐད་འབོད་བྱེད་མཁན་ཁྲོད་བོད་རིགས་མི་ཉུང་བ་ཞིག་རྒྱ་དམག་ནས་བསད་རྨས་དང་། བཙོན་འཇུག་འོག་སྡུག་བསྔལ་མྱངས་དང་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་ས་ཞིང་འདེབས་ལས་བྱེད་རྒྱུ་མེད་ལུགས་ཀྱི་སྐད་འབོད་བྱས་ཏེ་མི་གཅིག་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཡང་བྱུང་འདུག
ཕྱི་ཚེས་ ༢༧ ཉིན་བྲག་འགོ་རྫོང་མདའ་མདོ་ཡུལ་མི་ ༡༡ ནས་ས་ཞིང་མ་བཏབ་པར་རྒྱ་གཞུང་ལ་ངོ་རྒོལ་བྱས་རྐྱེན་རྒྱ་གཞུང་དྲག་ཆས་དམག་མིས་འཛིན་བཟུང་ཐོག་རྫོང་དུ་དྲག་ཆས་གྱོན་པའི་དམག་མི་སྒྲིག་སྟེ་ཁྲོམ་སྐོར་དུ་ཁྲིད་པའི་གནས་ཚུལ་ཡང་བྱུང་འདུག ད་ལྟའི་ཆར་ཡུལ་མི་རྣམས་གང་དུ་བཀག་ཉར་བྱས་ཡོད་མེད་ཤེས་རྟོགས་མེད་པ་གྱུར་ཡོད་ཅིང་། དེ་བཞིན་ས་གནས་སུ་དམག་མི་ཡོང་སྟེ་བཙན་ཤེད་ཀྱི་ཞིང་ལས་བྱེད་དགོས་པའི་བཙན་བཀའ་བཏང་རྐྱེན་ལག་ལེན་མ་བསྟར་མཁན་ཡུལ་མིར་ཉེས་རྡུང་བཏང་སྟབས་མི་ ༤༠ ཙམ་ལ་རྨས་སྐྱོན་ཕོག་སྟེ་ད་ལྟ་རྫོང་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པའི་གནས་ཚུལ་དུ་ཐོན་འདུག
ཞིབ་ཕྲའི་གནས་ཚུལ་དམ་དྲག་ཆེ་རྐྱེན་ཤེས་རྟོགས་ཐུབ་རྒྱུར་དཀའ།