༢༠༡༢ ཟླ་ ༡༢ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༠ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་པའི་དུས་དྲན་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་བོད་དོན་གདུང་སེམས་མཉམ་སྐྱེའི་ལས་འགུལ་སྤེལ་ཆེད་རྒྱ་གར་དང་ཨ་རི། སུད་སི། ཨོ་སི་ཊོ་ལི་ཡ། ཐེ་ཝན། ཕ་རན་སི། སི་པེན། བྷེལ་ཇམ། ཁེ་ན་ཌ་སོགས་འཛམ་གླིང་གང་སར་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཞི་བའི་གོམ་འགྲོས་དང་སྐད་འབོད། མར་མེའི་ཁྲོམ་སྐོར། སྦྱར་ཡིག་དང་ཡིག་ཆ་འགྲེམས་སྤེལ། རྒྱ་ནག་གཞུང་ཚབ་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་སོགས་ཀྱི་མདུན་དུ་བོད་ནང་དེང་སྐབས་འཕྲད་བཞིན་པའི་ཛ་དྲག་གི་དཀའ་ངལ་དང་བོད་མིས་རང་ལུས་མེར་སྲེག་མཚམས་འཇོག་ཡོང་ཆེད་རྒྱ་ནག་གཞུང་གིས་བོད་ནང་དུ་དམ་བསྒྲགས་ཅན་གྱི་སྲིད་བྱུས་མཚམས་འཇོག་དགོས་པའི་དགོས་འདུན་ཤུགས་ཆེ་བཏོན་ཡོད།
དེ་ཡང་དེ་ཉིན་ཕ་རན་སིའི་བོད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་ཕ་རན་སིའི་རྒྱལ་ས་པེ་རི་སིའི་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་གྲངས་ ༣༠༠ ཙམ་གྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་ཏེ་མི་ལོ་ ༦༤ འཁོར་བའི་ཉིན་མོ་དང་སྟབས་བསྟུན། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གདུང་སེམས་མཉམ་སྐྱེ་ཐོབ་ཆེད་པི་ལེ་སི་སན་ཏི་མི་ཁེལ་ (Place Sainte-Michel) ཞེས་པའི་ཡུལ་སྐོར་སྤྲོ་འཆམ་བྱེད་སའི་ས་གནས་དེར་ལས་འགུལ་ཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད། སྐབས་དེར་རྒྱུད་སྟོད་ཀྱི་དགེ་འདུན་པ་དྲུག་གིས་བོད་མི་རང་ལུས་མེར་གཏོང་མཁན་རྣམས་ཀྱི་ཆེད་སྨོན་ལམ་གསུང་འདོན་གནང་ཡོད། ལས་འགུལ་དེར་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེན་ཕེ་རན་ཀོ་ཡི་སི་ཧམ་བྷ་ཊི་ (Mr Jean-Francios Humbert) མཆོག་དང་གྲོས་ཚོགས་འཐུས་མི་གཞན་ཞིག་བཅས་ནས་མཉམ་ཞུགས་གནང་ཡོད་པ་མ་ཟད། སྐུ་ཞབས་ཇེན་ཕེ་རན་ཀོ་ཡི་སི་ཧམ་བྷ་ཊི་མཆོག་གིས་སྐབས་དེར་རྒྱ་ནག་གཞུང་གིས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་བརྩི་བྱེད་དགོས་པ་དང། བོད་དོན་བདེན་མཐའ་མ་གསལ་བར་བོད་མི་ཚོར་ཆོད་སེམས་བརྟན་པོའི་ཐོག་ནས་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཁས་ལེན་ཡང་གནང་ཡོད། ལས་འགུལ་དེར་བོད་རྒྱ་མཐུན་ཚོགས་(Chine-Tibet Alliance) དང་ཕྱི་སྡོད་རྒྱ་རིགས་མང་གཙོ་ཚོགས་པ། (Overseas Chinese Democratic Party) ཝི་ཏི་ནམ་མཐུན་ཚོགས། (Communities of Vietnam) ཡུ་གུར་ (Uighur) དང་བྷར་མ། (Burma) ལའོ་སི་(Laos) སོགས་མི་རིགས་འདྲ་མིན་གྱིས་ལས་འགུལ་དེར་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད།
kjm,དེ་བཞིན་ཉིན་དེར་ཨོ་སི་ཊོ་ལི་ཡའི་(Australia) གྲོང་ཁྱེར་ཀེན་བྷེ་རར་ (Canberra)བོད་དོན་གདུང་སེམས་མཉམ་སྐྱེའི་ལས་འགུལ་རྒྱ་ཆེ་སྤེལ་སྐབས་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་འདུ་འཛོམས་བྱུང་བའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། ཕྱི་རྒྱལ་བ་དང་རྒྱ་རིགས་བཅས་ལ་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྤྱི་དང་ལྷག་པར་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་དུ་བོད་མི་ ༩༥ གིས་རང་ལུས་མེར་སྲེག་བཏང་ཡོད་པ་དང་། ཁོང་རྣམས་ཀྱིས་རང་སྲེག་གཏོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེས་ཡིན་སྐོར་ངོ་སྤྲོད་གནང་ཡོད། སྐབས་དེར་ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་གཙུག་ལག་སློབ་གྲྭའི་ (Australian National University) གཙུག་ལག་སློབ་དཔོན་སྐུ་ཞབས་ཇོན་པོ་ཝར་སི་( Prof. John Powers)མཆོག་གིས་ཉེ་ལམ་བོད་དུ་བསྐྱོད་སྐབས་རྒྱ་མིའི་དམག་མི་ཧ་ཅང་ཕོན་ཆེ་འགྲེམས་འཇོག་བྱས་ཡོད་སྐོར་གསུང་བཤད་གནང་བ་མ་ཟད། རྒྱ་རིགས་ངལ་རྩོལ་ཚོགས་པའི་ (Chinese Labour party) ཚོགས་གཙོ་སྐུ་ཞབས་ཕང་ཡོན་ (Mr Fang Yuan)མཆོག་གིས་རྒྱ་ནག་འགོ་ཁྲིད་གསར་པ་སྐུ་ཞབས་ཞི་ཅིན་ཕིང་གི་ཕ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་སེམས་ཐག་ཉེ་པོ་ཡོད་པ་དང་། སྲིད་འཛིན་ཞི་རང་ཉིད་ཀྱིས་རང་གི་ཕ་དང་འདྲ་བར་གུ་ཡངས་ཀྱི་སྲིད་བྱུས་ལག་བསྟར་བྱ་རྒྱུའི་རེ་བ་ཡོད་སྐོར་གསུངས་པ་མ་ཟད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་བོད་དུ་ཆིབས་སྒྱུར་བསྐྱང་སྟེ་བཙན་བྱོལ་ནང་བོད་མི་གཅིག་ཀྱང་མ་ལྷག་པར་ཚང་མ་བོད་དུ་ཕྱིར་ལོག་ཐུབ་རྒྱུ་དང་། ད་སྐབས་རང་སྲེག་མཚམས་འཇོག་ཡོང་རྒྱུའི་རེ་བ་ཆེན་པོ་ཡོད་སྐོར་གསུངས།
ཕྱོགས་མཚུངས་ཁུལ་དེའི་བོད་རིགས་མཐུན་ཚོགས་ཀྱིས་སྣེ་ཁྲིད་དེ་རྒྱ་ནག་གཞུང་ཚབ་མདུན་དུ་སྐད་འབོད་གནང་ཡོད་པ་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་བྷན་ཀི་མུན་(UN Secretary General Ban ki-moon) མཆོག་དང་ཨོ་སི་ཊོ་ལི་ཡའི་སྲིད་བློན་ལྕམ་སྐུ་ཇུ་ལི་ཡ་གི་ལ་ཊི་ (Australian Prime Minister Julia Gillard.)མཆོག་ལ་བསམ་འཆར་ཡིག་ཆ་ཞིག་ཀྱང་ཕུལ་འདུག