༢༠༡༢ ཟླ་ ༡༢ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་ཞུ་བ་དང་སྟབས་བསྟུན། ཕྱི་ཚེས་ ༩ རེས་གཟའ་ཉི་མའི་ཉིན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་མི་ཤལ་ཨི་ཀ་པུ་ནོ་ Michael E. Capuano མཆོག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་ནང་དུ་བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཅན་དུ་གྱུར་བཞིན་པའི་དཀའ་ངལ་སེལ་ཆེད་འབད་བརྩོན་ཤུགས་ཆེ་རུ་གཏོང་དགོས། གསུངས་ཡོད་པ་མ་ཟད་བོད་ནང་ལོ་མང་རིང་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩིས་མེད་རྡོག་རོལ་བཏང་བར་བརྟེན། བོད་མི་རྣམས་ཀྱིས་དཀའ་སྡུག་ཧ་ཅང་ཆེན་པོ་མྱངས་ཡོད། དེང་སྐབས་འཛམ་གླིང་ནང་ཟིང་འཁྲུག་ཧ་ཅང་ཆེ་བའི་དུས་སྐབས་འདིར་ང་ཚོས་བོད་མིའི་དཀའ་སྡུག་མ་བརྗེད་པར་བོད་མི་ཚོར་རང་དབང་ཐོབ་ཆེད་ང་ཚོས་ཆོད་སེམས་བརྟན་པོའི་ཐོག་ནས་འབད་བརྩོན་བྱེད་དགོས། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཆེད་བོད་མི་མང་པོས་རང་སྲོག་བློས་གཏོང་བྱས་ཡོད།
ང་ཚོས་ཉེ་ལམ་བོད་མི་རང་ལུས་མེར་སྲེག་འོག་འདས་གྲོངས་སུ་གྱུར་བ་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། བོད་མི་ཚོས་ད་ཆ་རང་ལུས་མེར་སྲེག་གཏོང་རྒྱུའི་ཞི་རྒོལ་ལས་དེ་མིན་བྱ་ཐབས་དང་ལམ་གཞན་གང་ཡང་མཐོང་གི་མེད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་ནང་ཛ་དྲག་གནས་སྟངས་ཞི་འཇམ་གཏོང་ཐུབ་རྒྱུ་མ་ཟད་གཏོང་དགོས་པ་ཞིག་ཀྱང་ཆགས་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ལྔ་པོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུ་རྒྱུའི་རྩ་འཛིན་ཡིག་ཆ་ལག་བསྟར་གནང་རྒྱུ་ནི་འོས་ཤིང་འཚམ་པ་ཞིག་ཡིན་པར་ངས་ཡིད་ཆེས་ཞུ་བཞིན་ཡོད། ཨ་རིའི་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས་བོད་མི་ཚོའི་འཐབ་རྩོད་ལ་འགྱུར་བ་མེད་པའི་ཆོས་སེམས་ཐོག་ནས་རྒྱབ་སྐྱོར་གནང་དང་གནང་མུས་ཡིན་པར་བརྟེན། བོད་མིའི་འཐབ་རྩོད་དེ་བཞིན་ང་ཚོས་ནམ་ཡང་བརྗེ་རྒྱུ་མིན་པ་མ་ཟད། ཁོང་ཚོའི་འབོད་སྒྲ་དེ་བདག་མེད་དུ་ནམ་ཡང་བསྐྱུར་ཐབས་མེད་ཅེས་གསུང་བཤད་གནང་ཡོད།།