༢༠༡༢ ཟླ་ ༡༢ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྒྲུབ་བརྒྱུད་ཉི་མས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༩ ཉིན་སྔ་དྲོ་ ༨།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸རྒྱལ་བའི་ཕོ་བྲང་ནས་བློ་གསལ་གླིང་གཙུག་ཁང་དུ་ཆིབས་སྒྱུར་སྐབས་གླིང་མཆོག་སྤྲུལ་གླིང་རིན་པོ་ཆེའི་སྐུ་ཚབ་དང་། དགའ་ལྡན་ཤར་རྩེའི་མཁན་པོ་བྱང་ཆུབ་ཆོས་ལྡན་མཆོག ཌོཀ་ཊར་བཱེ་རི་ལགས་བཅས་ཀྱིས་སྤྱན་རྒྱ་སྤོས་སྣེས་སྔོན་བསུས་ཏེ་ཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་བསྟུན་ལམ་རིམ་བླ་མ་རྒྱུད་པའི་གསོལ་འདེབས་ཁག་གསུང་འདོན་གནང་གྲུབ་མཚམས་གསུང་ཆོས་ཀྱི་སྦྱིན་བདག་ཌོཀ་ཊར་བཱེ་རི་ལགས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན། སྤྱིར་འཛམ་བུ་གླིང་གི་ཆོས་ལུགས་ཚང་མས་སོ་སོར་དཀའ་ངལ་ཞིག་འཕྲད་ཡོང་དུས་རེ་བ་བཅོལ་ས་ཞིག་གི་ལྷ་དང་ཀླུ་མིང་ག་རེ་བཏགས་ཀྱང་མ་བཏགས་རུང་སོ་སོའི་ནུས་པ་བཏོན་མི་ཐུབ་པའི་དཀའ་ངལ་འཕྲད་དེ་ནུས་པས་མ་སླེབས་པའི་སྐབས་དེར་རེ་བ་བཅོལ་ས་ཞིག་ཆོས་ལུགས་ཚང་མས་ཤོད་ཀྱི་ཡོད།
གྲོང་གསེབ་ཁུག་ཀྱོག་ཚོས་ཡུལ་ལྷ་གསོལ་རྒྱུ་དེ་སོ་སོར་དཀའ་ངལ་ཞིག་འཕྲད་དུས་རེ་བ་ཞིག་རྒྱག་གི་ཡོད། འོན་ཀྱང་དེ་ཚོར་རྒྱབ་རྟེན་གྱི་ལྟ་གྲུབ་གང་ཡང་མེད། འཛམ་གླིང་འདིའི་སྟེང་ཆོས་ལུགས་ལྟ་གྲུབ་ཡོད་པའི་སྡེ་ཚན་ཁག་གཅིག་ཡོད་པ་ཚང་མས་བྱམས་པ་དང་བརྩེ་བ། བཟོད་པ། ཆོག་ཤེས་ཀྱི་བསླབ་བྱ་གཅིག་གྱུར་གྱི་རྒྱབ་རྟེན་ལྟ་གྲུབ་འདྲ་མིན་བྱས་ཏེ་དེ་དག་ཀྱང་མི་ལ་ཕན་ཐོགས་ཡོད། ཅེས་སོགས་དང་རང་ཉིད་ཀྱི་ལྟ་གྲུབ་ཁྱད་པར་བ་དང་། ༸རྒྱལ་བའི་བཀའ་དཔང་པོར་བཞག་ཏེ་དཔྱད་པ་གནང་བ་དེ་དག་འཐེན་འཁྱེར་དུ་མི་འགྲོ་བ་བྱེད་དགོས་པ་དང་། དེ་ཡང་བཀའ་སློབ་ཕེབས་དོན། ང་ཚོ་དུས་ཚོད་ཁག་པོ་ཞིག་གི་ཐོག་བསྡད་ཡོད་པས་སྣང་བ་དག་ཏེ་ང་དང་ཁྱོད་ཟེར་བ་ཆགས་པ་ཡིན་ན་ཡག་པོ་མི་འདུག ང་ཚོ་༕གནས་སྟངས་སྐྱོ་པོ་ཞིག་སྟེང་བསྡད་ཡོད་པ་ངོ་ཐོག་ཤོད་དགོས་བྱུང་ན་སོ་སོའི་ལུང་པར་ཆ་བཞག་ན་ཆོས་བྱས་ན་ཉེས་ཅན་གྲས་སུ་འགྲོ་བའི་རྙོག་གྲའི་ཐོག་ཡོད། དུས་ཚོད་འདི་འདྲར་ང་ཚོ་ཚང་མ་ཐུགས་མཐུན་ཁྲིམས་གཙང་དགོས་རྒྱུ་དེ་གལ་ཆེན་པོ་ཞེ་དྲག་ཡིན།
དགོས་པ་རྒྱུ་མཚན་དེ་འདྲར་བྱས་ཏེ་ངོས་ཀྱིས་རྒྱལ་པོ་ཤུགས་ལྡན་གསོལ་རྒྱུ་ཡག་པོ་མི་འདུག་ཤོད་པའི་རྒྱུ་མཚན་གཅིག་དེར་ཐུག་ཡོད། ཆོས་ལུགས་ཆ་ཚང་ཐུགས་མཐུན་ཁྲིམས་གཙང་དགོས་རྒྱུ་ལ་དགེ་ལུགས་གཅིག་གི་ནང་རྙིང་མའི་དཔེ་ཆ་ཞིག་བཞག་ན་འགྲིགས་ཀྱི་མ་རེད་བྱས་ཏེ་ཤོད་རྒྱུ་དེ་འདྲའི་སྐྱོན་ཡོང་གི་འདུག དེ་དག་འདིར་འཕྲོས་ཏེ་ཞུས་ནའང་གནད་དགག་ཞིག་ཆགས་ཀྱི་འདུག བོད་ནང་དང་ལྷག་པར་དུ་བཙན་བྱོལ་ནང་ཆ་བཞག་ན་ཕལ་ཆེར་བརྒྱ་ཆ་དགུ་ཅུ་གོ་དགུ་ལྷག་ཙམ་ཞིག་གིས་ངོས་ཀྱི་རྒྱུ་མཚན་འགྲེལ་བཤད་བརྒྱབ་པ་རྒྱུ་མཚན་ཡང་དག་པ་མཐོང་ཏེ་མི་ཚང་མས་གདོང་ལེན་ཚུལ་བཞིན་གནང་སྟེ་མང་པོ་ཞིག་གིས་རྩ་བ་ནས་བསྟེན་གྱི་མེད། དེར་ཚང་མས་ཧུར་ཐག་འབད་ཐག་བྱེད་ཀྱི་ཡོད་དུས་ངོས་ནས་དེ་བསྐྱར་བཤད་ཡང་བཤད་བྱེད་དགོས་རྒྱུ་མི་འདུག ད་རེས་གསུང་ཆོས་སྐབས་ལ་ཞུ་དགོས་རྒྱུ་གང་ཡང་མི་འདུག་ལ་འཕྲོས་དོན་གང་ཡང་བྱུང་མ་སོང་། དེ་བཞིན་བརྒྱ་ཆ་གཅིག་ཙམ་ཡོད་ཀྱང་དེ་དག་མང་ཆེ་བས་མ་ཤེས་པ་རེད། བོད་ལ་འདི་འདྲ་ཤོད་ཀྱི་འདུག རྒྱ་གར་གྱི་གདན་ས་གསུམ་རྙིང་མར་གྱུར་ཚར་བ་རེད། གང་རེད་དམ་ཟེར་ན་རྒྱལ་པོ་ཤུགས་ལྡན་བསྟེན་རྒྱུ་བཞག་པ་རེད། ཡང་བཞད་མོ་དང་བཅས་བཀའ་སློབ་ཕེབས་དོན། དེར་བརྟེན་ཤུགས་ལྡན་བསྟེན་གྱི་མེད་དུས་ང་ཚོ་ཚང་མ་རྙིང་མ་ཆགས་ཡོད་པ་དེ་འདྲ་ཤོད་ཀྱི་འདུག མགོ་གང་ཡང་མི་འཚོས་བའི་ཧམ་པ་བཤད་ནས་དེ་འདྲ་རེད། དེ་ཚོའི་གྲས་དེ་མང་པོ་ཞིག་གི་མ་ཤེས་པ་དང་རིགས་གཅིག་གིས་ཤེས་བཞིན་དུ་ཁྱད་གསོད་བྱེད་ཀྱི་ཡོད།
བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་སུ་ཤེས་བཞིན་དུ་ཁྱད་གསོད་བྱེད་མཁན་ཡོད་དེར་ཁྱད་པར་གང་ཡང་མི་འདུག སོ་སོ་སྐྱིད་པོ་དང་ཕྱིན་ཆད་རྒྱལ་པོ་ཤུགས་ལྡན་བསྟེན་ནས་ཐར་པ་ཐོབ་ཐུབ་ཀྱི་ཡོད་ན་རྗེས་སུ་ཡི་རང་ཡོད། དྲེགས་པ་ཞིག་གསོལ་བསྡད་ན་དངོས་གནས་༸རྒྱལ་བ་སྐུ་གོང་མས་གསུངས་པ་ལྟར་རེད། སྐྱབས་འགྲོའི་བསླབ་བྱ་དང་འགལ་འགྲོ་གི་ཡོད། ང་ཚོའི་དགོན་པ་མང་ཆེ་བའི་གཙང་ཁང་དབུས་མའི་ནང་གི་སྟོན་པ་ཐུབ་པའི་དབང་པོའི་མདུན་ང་ཚེ་རིང་བ། བར་ཆད་མེད་པ། ནད་མེད་པ་བྱས་ཏེ་སྨོན་ལམ་རྒྱག་མཁན་ཞེ་དྲག་ཨེ་ཡོད། སྐྱབས་སུ་མཆི་ཟེར་བ་མ་གཏོགས་མེད། མགོན་ཁང་ནང་ལ་སླེབས་དུས་ཚེ་རིང་བ། བར་ཆད་མེད་པ། ནད་མེད་པ། བྱ་བ་ལམ་འགྲོ་ཡོང་བ་དེའི་རྗེས་ལ་ངས་མ་དགའ་བའི་དགྲ་དེ་དག་མགྱོགས་པོ་ཚར་གཅོད་རོགས་ཟེར་ཕལ་ཆེར་སྨོན་ལམ་རྒྱག་གི་ཡོད། འདུ་ཁང་ནང་སླེབས་དུས་བློ་ཟུར་པོ་འདྲ་བྱས། མགོན་ཁང་ནང་སླེབས་དུས་ཚར་གཅོད་བཟོ་རོགས་ཟེར། དེར་བརྟེན་དྲེགས་པ་ཞིག་ལ་བསྟེན་སྡོད་རྒྱུ་དང་དེར་རྒྱུས་ཡོད་ཆེ་ཤོས་༸གོང་ས་ལྔ་པ་ཆེན་པོ་རེད། ཞེ་ས་མ་ཞུས་ན་ཁོང་རང་ཉིད་ལ་མིག་མཐོང་ལག་འཛིན་བྱུང་སྟེ་བསྡོམས་བརྒྱབ་ཏེ་གསུངས་པ་དེ་ལུང་ཚད་མར་བརྩིས་དགོས་དུས་ལོ་རྒྱུས་མང་པོ་ཞིག་ལ་ལྟོས་དང་མདོ་དོན་སྙིང་པོ་ཆོས་ལུགས་ཆགས་སྡང་སུས་བསླབ་ཀྱི་འདུག
དེ་བཞིན་རྙིང་མ་དང་བཀའ་བརྒྱུད་ཡིན་ནའང་འདྲ་དགེ་ལུགས་ཀྱི་དཔེ་ཆ་བལྟས་ན་ཡག་པོ་མི་འདུག་ལབ་ན་ཆགས་སྡང་སློབ་ཀྱི་ཡོད། ང་ཚོ་ཚང་མ་གཅིག་པ་རེད། དུས་ཚོད་ཁག་པོ་འདི་འདྲ་ཞིག་ལ་བསྡད་ཡོད། ང་ཚོ་ཚང་མ་སྟོན་པ་གཅིག་དང་མཁས་སློབ་ཆོས་གསུམ་གྱི་རྗེས་འབྲངས་གཅིག་གྱུར་ཡིན་པའི་འདུ་ཤེས་བཞག་སྟེ་ཚང་མ་ཐུགས་མཐུན་ཁྲིམས་གཙང་དགོས་རྒྱུ་དེ་གལ་ཆེན་པོ་ཞེ་དྲག་རེད་འདུག དེ་དག་ཞུ་འདོད་བྱུང་། ཞེས་བཀའ་སློབ་ཕེབས་ཏེ་ལམ་རིམ་དཔེ་ཁྲིད་དབུ་འཛུགས་ཡོད། ཕྱི་དྲོ་ཆུ་ཚོད་ ༣ ཐོག་ཆོས་ཐུན་གྲོལ་རྗེས་དཔལ་ལྡན་བདེ་ཡངས་གྲྭ་ཚང་དུ་ཆིབས་སྒྱུར་སྐབས་སྤྲུལ་སྐུ་ཆོས་སྐྱབས་མཆོག་གིས་དབུས་ལས་སྣེ་དང་སྦྱིན་བདག་རྣམ་པས་ཕེབས་བསུ་དང་སྦྲགས་གྲྭ་ཚང་གི་འདུ་ཁང་དུ་༸གོང་ས་མཆོག་གིས་རབ་གནས་དང་གནས་གཟིགས་མཛད་གྲུབ་བསྟུན་ཞབས་སྟེགས་སུ་༸ཞབས་སོར་འཁོད་བསྟུན་དགེ་འདུན་རྣམ་པས་ཞལ་འདོན་གསུང་འདོན་མཚམས་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་ཡོད་པ་བཅས་སུ།།