ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༣ ཚེས་ ༢༤ ཉིན་བོད་གཞུང་འཕྲོད་བསྟེན་ལས་ཁུངས་དང་། བདེ་ལེགས་སྨན་ཁང་བཅས་ནས་གོ་སྒྲིག་ཞུས་ཏེ་འཛམ་གླིང་གློ་ནད་སྔོན་འགོག་གི་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་རེད། སྔ་དྲོའི་ཆུ་ཚོད་ ༡༡ པའི་ཐོག་བོད་གཞུང་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་མཆོག་དབུ་བཞུགས་ཐོག་བདེ་ལེགས་སྨན་ཁང་གི་དྲུང་ཆེ་དང་སྤྱི་འཐུས་ལས་ཐོག་པ་ཟླ་བ་ཕུན་སྐྱིད་ལགས། འཕྲོད་བསྟེན་དྲུང་ཚབ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་བཅས་དང་། International Development Cooperation Director Dr. Santa Mole ལགས་ལྡི་ལི་ནས་ཆེད་མངགས་གློ་ནད་གྱི་ཉིན་མོ་སྲུང་བརྩིར་བཅར་ཡོད་འདུག་པ་དང་། དེ་བཞིན་ཨེ་ཊ་ལིའི་ཚོགས་པའི་འབྲེལ་མཐུད་པ་ Dr.Guisi ལགས་དང་། བདེ་ལེགས་སྨན་ཁང་གི་སྨན་པ་ཚེེ་རིང་དོན་གྲུབ་བཅས་མདུན་གྲལ་དུ་འཁོད་རྗེས་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས་འཛམ་གླིང་གློ་ནད་ཉིན་མོ་སྲུང་བརྩི་དང་། མི་སྣ་ཁག་བོད་དབྱིན་གཉིས་ཀའི་སྐད་ཡིག་ཐོག་ངོ་སྤྲོད་གནང་། དེ་རྗེས་བཀའ་བློན་མཆོག་ནས་གསུང་བཤད་གནང་དོན། གློ་ནད་ཀྱི་ནད་གཞི་དེ་ནི་མིའི་སྤྱི་ཚོགས་ནང་སྡུག་བསྔལ་བཟོ་མཁན་གྱི་ནད་ངན་ཆེ་ཤོས་ཤིག་ཆགས་ཡོད། བོད་པའི་སྤྱི་ཚོགས་ནང་གློ་ནད་ཀྱི་ནད་གཞི་དེས་དུད་ཚང་ཡོངས་ལ་སྡུག་བསྔལ་བཟོས་ཡོད་ཅེས་བཤད་ན་ཧ་ལམ་མ་འགྲིགས་པ་མེད་པ་ལྟ་བུ་རེད། ཡིན་ནའང་ད་ལྟའི་ཆར་༸གོང་ས་མཆོག་གི་གཟིགས་བསྐྱངས་དང་ཐུགས་རྗེའི་འོག་གློ་ནད་ཀྱི་ནད་ངན་དེར་སྟངས་འཛིན་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད། ཅེས་དང་།ཡིན་ནའང་ང་ཚོས་ནད་ངན་དེ་རྩ་མེད་དུ་བཟོ་མ་ཐུབ་པ་ཡིན་ནའང་ཉེན་ཀ་མེད་པ་ཞིག་བཟོ་ཐུབ་རྒྱུའི་ཆེད་དུ་ནུས་ཤུགས་སྟོན་དགོས་རྒྱུ་དེ་ཧ་ཅང་གི་གནད་དགག་ཆེན་ཞིག་ཡིན། དེར་བརྟེན་ནད་གཞི་དེ་སྔོན་འགོག་དང་ཁྱབ་འཕེལ་མི་འགྲོ་བའི་ཆེད་གཞིས་ཆགས་ཁག་ནས་འཕྱར་གྲུ་མཉམ་འདེགས་གནང་སྟེ་ནད་གཞི་དེ་ན་བའི་གནས་སྐབས་ནས་སྨན་དུས་ཐོག་ཏུ་བཟའ་དགོས་སྐོར་སོགས་གཏམ་བཤད་རྒྱས་པ་གནང་། དེ་རྗེས་བདེ་ལེགས་སྨན་ཁང་གི་སྨན་པ་ཚེ་རིང་དོན་གྲུབ་ལགས་ནས་་གློ་ནད་ཀྱི་ནད་གཞི་དེའི་འབྱུང་རྐྱེན་སོགས་དང་། དེ་ལ་སྔོན་འགོག་གི་ཐོག་ནས་གདོང་ལེན་གང་འདྲ་བྱ་དགོས་སྐོར་སོགས་ལམ་སྟོན་གནང་ཡོད་པ་རེད། དེ་རྗེས་མེག་གྷན་དུ་འདྲ་པར་གྱི་འགྲེམས་སྟོན་བརྒྱུད་མི་མང་ལ་གློ་ནད་ཀྱི་ནད་ངན་དེ་རིགས་སྔོན་འགོག་བྱ་ཕྱོགས་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་བ་བཅས་ཀྱི་གནས་བསྡུས་སུ།