༢༠༡༢ ཟླ་ ༡༡ ཚེས་ ༢༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེན་པོ་ཧོར་གྱི་མཆོག་སྤྲུལ་བསྟན་འཛིན་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་མཆོག་གིས་དབུས་སོག་ཡུལ་དད་ལྡན་ཆོས་ཞུ་བ་ཁག་གིས་ཇི་ལྟར་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིན་༸རྒྱལ་མཆོག་བསོད་ནམས་རྒྱ་མཚོས་མཛད་པའི་ལམ་རིམ་གསེར་གྱི་ཡང་ཞུན་མའི་ཆོས་འབྲེལ་དབུ་འཛུགས་བཀའ་དྲིན་ཆེ་བ་བསྐྱངས་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་ནས་སོག་ཡུལ་གྱི་མཆོག་སྤྲུལ་བསྟན་འཛིན་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་མཆོག་དང་སོག་ཡུལ་གྱི་ནང་པའི་གཙོ་འཛིན་ཏེ་ལོ་རིན་པོ་ཆེ་མཆོག་གིས་སྤོས་སྣེས་སྔོན་བསུས་ཏེ་༸གོང་ས་མཆོག་ཕོ་བྲང་ནས་གདན་ཞུས་ཀྱི་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་རྗེས་ཏེ་ལོ་རིན་པོ་མཆོག་གིས་ཐེངས་འདིའི་ཆོས་འབྲེལ་ཞུ་དགོས་དོན་སྐོར་སྙན་སྒྲོན་ཞུས་དོན། དེ་རིང་འདི་གར་བཀའ་ཆོས་ལ་བཅར་བའི་ཆོས་ཞུ་བ་ཚང་མར་གོ་སྒྲིག་ཚོགས་ཆུང་སོགས་ཚང་མའི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་འཚམས་འདྲི་ཞུ་བཞིན་ཡོད། དེ་རིང་བཀའ་ཆོས་འགོ་མ་བཙུགས་སྔོན་༸གོང་ས་མཆོག་གི་དྲ་གནས་སོག་སྐད་ཐོག་གསར་སྐྲུན་ཞུས་ཡོད་པ་དེ་དབུ་འབྱེད་ཞུ་གི་ཡིན། ད་ལྟའི་ཆར་༸གོང་ས་མཆོག་གི་མཚན་ཐོག་ཡོད་པའི་དྲ་རྒྱ་དེ་བོད་སྐད་དང་དབྱིན་སྐད། རྒྱ་སྐད། ཨུ་རུ་སུའི་སྐད་དུ་ཡོད། ཕྱི་ལོ་ ༢༠༡༡ ལོར་༸གོང་ས་མཆོག་སོག་ཡུལ་དུ་ཆིབས་སྒྱུར་བསྐྱངས་རྗེས་ང་ཚོས་སོག་སྐད་ཐོག་དྲ་གནས་དེ་འདྲ་ཞིག་བྱུང་ན་བསམས་ཏེ་གོ་བསྡུར་གྱི་ལས་འགུལ་བརྩམས་ཏེ་བཀའ་ཆོས་མ་ཚུགས་སྔོན་དེར་དབུ་འབྱེད་ཞུ་གི་ཡིན། དྲ་རྒྱ་དེའི་ཐོག་༸གོང་ས་མཆོག་གི་མཛད་རྣམ་དང་དགོངས་གཞི། གསུང་རྩོམ། གསུང་འཕྲིན། མཛད་འཆར། སྒྲ་བརྙན། གསལ་བསྒྲགས། བཀའ་སློབ་ཁག དེའི་ནང་ཚན་རིག ཤེས་ཡོན། ཁོར་ཡུག རིག་གཞུང་། དོལ་རྒྱལ་སྐོར་གྱི་བཀའ་སློབ་ཞིབ་ཚགས་ཐོག་ཡོད། དེར་བརྟེན་དྲ་གནས་དབུ་འབྱེད་ཞུ་རྒྱུར་བར་ཆད་གང་ཙམ་བྱུང་ཡང་། ལོ་གཅིག་ཙམ་དཀའ་ངལ་བརྒྱབ་རྗེས་སྐུ་སྒེར་ཡིག་ཚང་ནས་ལམ་སྟོན་དང་།
སྐུ་སྒེར་སྒྲ་བརྙན་དང་བརྙན་འཕྲིན་སྡེ་ཚན་གྱིས་མུ་མཐུད་རྒྱབ་སྐྱོར། ཨུ་རུ་སུ་དང་ཉི་ཧོང་དོན་གཅོད་ཁང་གཉིས་དང་ཟླ་དྲུག་ཙམ་དང་བླང་གི་བཀའ་སློབ་རྣམས་སོག་སྐད་བསྒྱུར་བ་དང་དྲ་རྒྱའི་ཐོག་དཀའ་ངལ་སྐྱོན་མཁན་ལས་བྱེད་རྣམ་པ་བཅས་ལ་སྙིང་ཐག་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོའི་དམིགས་ཡུལ་གཙོ་བོ་དེ་༸གོང་ས་མཆོག་གི་དགོངས་གཞི་དང་འཛམ་གླིང་ཞི་བདེ་དང་འཚེ་མེད་ཞི་བའི་ལམ་སོགས་ཁྱབ་ཆེན་པོ་ཞིག་ཡོང་རྒྱུར་ང་ཚོས་རེ་བ་ཞུ་གི་ཡོད། ཅེས་སོགས་ཀྱི་བོད་དང་སོག་པོའི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཐོག་བར་ལམ་ལོ་ངོ་དྲུག་ཅུ་བརྒལ་བའི་ནང་དམར་ཤོག་གིས་རྐྱེན་པས་འབྲེལ་ལམ་ཆད་ཡོད་ཀྱང་། ཕྱིས་སུ་བོད་སོག་གཉིས་བཙན་བྱོལ་ནང་འབྲེལ་བ་བསྐྱར་གསོ་བྱུང་རྗེས་༸གོང་ས་མཆོག་གིས་སོག་པོ་ཚོར་གཟིགས་རྟོགས་ཆེན་པོ་མཛད་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ནས་རྒྱབ་སྐྱོར་ལམ་སྟོན་གནང་བར་སོག་པོ་ཚང་མའི་ཚབ་ཞུས་ཏེ་ཐུགས་རྗེ་ཞུ་གི་ཡིན། དེ་རིང་སོག་ཡུལ་ནས་འདིར་སླེབས་མ་ཐུབ་པ་ཚོར་དྲ་རྒྱ་བརྒྱུད་བརྙན་འཕྲིན་མཐུད་ཡོད་པས་སོག་པོའི་མི་མང་ཚོར་བཀའ་སློབ་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས།
དེ་རྗེས་༸གོང་ས་མཆོག་གིས་སོག་སྐད་ཐོག་གསར་སྐྲུན་ཞུས་ཡོད་པའི་དྲ་རྒྱ་དེ་དབུ་འབྱེད་མཛད་གྲུབ་བསྟུན་བཀའ་སློབ་སྩལ་དོན། དེ་རིང་འདིར་སོག་སྐད་ཐོག་དྲ་རྒྱ་དབུ་འབྱེད་བྱེད་རྒྱུའི་གོ་སྐབས་བྱུང་བར་ངོས་རང་ཞེ་དྲག་དགའ་པོ་བྱུང་། ཏེ་ལོ་རིན་པོ་ཆེས་ཇི་སྐད་གསུང་བ་བཞིན་ང་ཚོ་བོད་སོག་ཐུན་མོང་མ་ཡིན་པའི་འབྲེལ་ཡོད་པ་ཞིག་ཡིན། ལོ་བརྒྱ་ཕྲག་མང་པོའི་རིང་འབྲེལ་བ་ཡོད་ལ་དུས་ད་ལྟ་ཡིན་ཡང་གསོན་པོར་གནས་ཏེ་ངོས་ཐོག་མ་སོག་ཡུལ་དུ་ཕྱི་ལོ་ ༡༩༧༩ ལོར་བསླེབས་པ་རེད། དེ་དུས་དམར་པོའི་སྒྲིག་འཛུགས་བྱས་ཏེ་ཡོད། མི་མང་སྤྱི་ཡོངས་ལ་སྐབས་དེར་ཆོས་དད་རང་མོས་མེད་པར་ཞེ་སྣང་ཞེ་དྲག་བྱེད་དགོས་ཀྱི་འདུག འོན་ཀྱང་དེ་དུས་དངོས་གསལ་དོད་པོ་ཞེ་དྲག་གཅིག་ནི་མི་མང་གི་སེམས་ཀྱི་གཏིང་ནས་ནང་ཆོས་ལ་དད་པ་ཡོད་པ་དང་། ངོས་ལ་ཆ་བཞག་ནའང་དམིགས་བསལ་གྱི་དད་འདུན་ཡོད་པ་ཞིག་དེ་དུས་ནས་གསལ་པོ་ཞེ་དྲག་མཐོང་སོང་། སོག་ཡུལ་དུ་རང་དབང་བྱུང་བའི་རྗེས་ངོས་ཐེངས་འགའ་ཞིག་སླེབས་ཡོད། ལོ་ངོ་བརྒྱ་ཕྲག་དང་སྟོང་ཕྲག་ཙམ་གྱི་ལོ་རྒྱུས་འབྲེལ་བ་ཡོད་པ་དེ་གསོན་པོར་གནས་ཏེ་བག་ཆག་བརྟན་པོ་ཡོད་པ་ཞིག་གནས་སྟངས་ཐོག་ནས་དེ་རིང་འདིར་དྲ་རྒྱ་ཞིག་སོག་སྐད་ནང་འགོ་འཛུགས་རྒྱུ་བྱུང་བ་རེད། ངོས་རང་ཞེ་དྲག་དགའ་པོ་བྱུང་ཕྲན་བུ་ཕན་ཐོགས་ཡོང་གི་རེད། དུས་རབས་གསར་པའི་འཕྲུལ་ཆས་ཡར་རྒྱས་ཞེ་དྲག་ཕྱིན་ཡོད། འཕྲུལ་ཆས་ཡར་རྒྱས་ཕྱིན་པ་མང་པོ་ཞིག་གནོད་འཚེ་བྱེད་རྒྱུ་དང་ཆགས་སྡང་སྤེལ་རྒྱུའི་ཐོག་འགྲོ་ཡོད། དེ་རིང་དུས་རབས་གསར་པའི་འཕྲུལ་ཆས་དངོས་གནས་མིའི་བྱམས་བརྩེ་གོང་འཕེལ་གཏོང་རྒྱུ་དང་སོག་པོར་ཆ་བཞག་ན་ང་ཚོ་ཕ་མེས་སྐབས་ནས་སངས་རྒྱས་པའི་ཆོས་བྱེད་མཁན་རེད། དེའི་ནང་ཚན་ནས་བོད་ཀྱི་སངས་རྒྱས་པའི་ཆོས་བྱེད་མཁན་ཞིག་ཆགས་ཡོད། འཚེ་བ་མེད་པའི་ལྟ་བ་སྤྱོད་དེ་གོང་ནས་གོང་དུ་སྤེལ་རྒྱུ་དང་།
དེ་བཞིན་ཁོར་ཡུག་སྐོར་ལ་དོ་སྣང་གསར་པ་སླེབས་རྒྱུའི་ཆ་རྐྱེན་ཞིག་ལ་བེད་སྤྱོད་བྱེད་སྐབས་དངོས་གནས་འཕྲུལ་ཆས་ལ་སེམས་མེད་ཀྱང་། དེང་དུས་ཀྱི་འཕྲུལ་ཆས་འཕྲུག་པོ་དེ་བྱ་བ་བཟང་པོ་ཞིག་བསྒྲུབ་རྒྱུར་འགྲོ་དུས་འཕྲུལ་ཆས་ཀྱང་བསོད་ནམས་བསགས་རྒྱུ་འདྲ་ཆགས་འདུག་པས་ངོས་རང་ཞེ་དྲག་དགའ་པོ་བྱུང་། ད་ལྟ་ལོ་མང་པོའི་རིང་དཀའ་ལས་རྒྱག་མཁན་རྣམ་པར་ཐུགས་རྗེ་ཆེ་ཞུ་གི་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ཤེས་རབ་སྙིང་པོ་གསུང་འདོན་གནང་ཏེ་ཆོས་འབྲེལ་དབུ་འཛུགས་མཛད་ཡོད། ད་ཐེངས་གསུང་ཆོས་འདིར་སོག་ཡུལ་ནས་མི་གྲངས་ ༧༠༠ གཙོས་ཨ་རི་དང་དབྱིན་ལན། ཀོ་རི་ཡ། ཝི་ཏི་ནམ་སོགས་ཕྱི་རྒྱལ་ཡུལ་གྲུ་ ༥༤ དང་རང་རིགས་བཅས་ཁྱོན་མི་གྲངས་ ༤༠༠༠ བརྒལ་བཅར་ཡོད་པ་བཅས།།