༢༠༡༢ ཟླ་ ༡༡ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༡ ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་མཆོད་འབུལ་སྨོན་ལམ་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་བའི་སྙིང་དོན། མཁན་རིན་པོ་ཆེ་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། མི་མང་སློབ་ཕྲུག་བཅས་ལ་དེ་རིང་ཡིད་སྐྱོ་བའི་གནས་ཚུལ་ཞིག་ལ་འདི་ཟླའི་ཕྱི་ཚེས་བདུན་ཉིན་བོད་ནང་ཉིན་གཅིག་ལ་བོད་མི་ལྔས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་བྱུང་འདུག ཁོང་རྣམས་ནི་ཨ་མདོ་རྔ་པ་ནས་ཡིན་པ་རང་ལོ་ ༡༥་ཡིན་པ་དགེ་འདུན་རྡོ་རྗེ་ལགས་དང་། རང་ལོ་ ༡༦ ཡིན་པ་བསམ་གྲུབ་ལགས། རང་ལོ་ ༡༦ ཡིན་པ་རྡོ་རྗེ་སྐྱབས་ལགས། རེབ་གོང་ནས་ཡིན་པ་རང་ལོ་ ༢༣ རྟ་མགྲིན་མཚོ་ལགས། དེ་བཞིན་ནག་ཆུ་འབྲི་རུ་ཁུལ་ནས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་གོ་རྒྱུ་འདུག འོན་ཀྱང་ད་ལྟ་མིང་སོགས་གསལ་པོ་ཐོན་མི་འདུག་ཞུ་རྒྱུ་དང་། ཁོང་རྣམ་པས་ཕྱི་ཟླ་ ༡༡ ཚེས་ ༧ ཉིན་རང་ལུས་མེར་སྲེག་བཏང་འདུག དེ་བཞིན་རེབ་གོང་ནས་རང་ལོ་ ༡༨ ཡིན་པ་སྐལ་བཟང་སྦྱིན་པ་ལགས་ཀྱིས་ཕྱི་ཚེས་ ༨ ཉིན་རང་ལུས་མེར་སྲེག་བཏང་བ་དང་།
ཕྱི་ཚེས་ ༡༠ ཉིན་རང་ལོ་ ༡༩ ཡིན་པ་མགོན་པོ་ཚེ་རིང་ལགས་ཀྱིས་རང་ལུས་མེར་སྲེག་བཏང་འདུག ད་ལྟ་བར་དུ་ཁོང་རྣམ་པའི་མངོན་འདོད་དེ་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་བོད་ལ་རང་དབང་དགོས། ཞེས་འབོད་སྒྲ་གཅིག་མཚུངས་རེད། རང་ལུས་མེར་སྲེག་བཏང་མཁན་ཚོ་གཙོ་བོར་གྱུར་བའི་བོད་ནང་གི་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཡོངས་ཀྱི་མངོན་འདོད་ལ་ང་ཚོ་ཚང་མས་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད་ཞུ་རྒྱུ་དང་། ཁོང་རྣམ་པའི་མངོན་འདོད་བསྒྲུབ་རྒྱུའི་ཆེད་དུ་བོད་མིའི་སྒྲིག་འཛུགས་ཐོག་ནས་གང་ཐུབ་ཅི་ཐུབ་འབད་བརྩོན་ཞུས་དང་ཞུ་བཞིན་པ་ཡིན། དེ་བཞིན་བོད་རེབ་གོང་ཁུལ་དུ་ཉིན་གསུམ་སྔོན་སློབ་ཕྲུག་སྟོང་ཕྲག་མང་པོས་ཁྲོམ་སྐོར་བྱས་ཏེ་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་མི་རིགས་དབྱེ་འབྱེད་བྱེད་ཀྱི་འདུག མི་རིགས་འདྲ་མཉམ་ཐོབ་ཐང་དང་དམིགས་བསལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དགོས་པའི་ཁྲོམ་སྐོར་གནང་འདུག ཁོང་རྣམ་པའི་གནས་སྟངས་སྡུག་པོ་བྱུང་མེད་པའི་གནས་ཚུལ་འདུག་ཀྱང་། བཀའ་ཤག་ཕྱོགས་ནས་བློ་འཚབ་ཆེན་པོ་ཡོང་གི་འདུག་ཞུ་རྒྱུ་ཡིན།
བོད་ཀྱི་ལོ་རྒྱུས་ནང་ད་ལྟའི་དུས་ཚོད་འདི་བློ་ཕམ་ཤོས་ཤིག་ཆགས་ཡོད་བསམ་གྱི་འདུག བོད་མི་ཚོས་སོ་སོའི་རྩ་ཆེ་བའི་ཚེ་སྲོག་ཐེ་ཚོམ་མེད་པའི་ཐོག་ནས་བློས་བཏང་བ་དང་། དེ་ཡང་རང་གི་ལུས་ཐོག་ཏུ་སྣུམ་བླུགས་ཐོག་ཚ་བའི་མེ་ལྕེ་འབར་བཞིན་བོད་མི་ཡོངས་ཀྱི་བསམ་བཞིན་པའི་མངོན་འདོད་ཆེད་རང་ལུས་བློས་གཏོང་གནང་བཞིན་ཡོད། ཡང་དེང་འཛམ་གླིང་ནང་སྙན་གྲགས་ཆེ་བའི་གསར་འགྱུར་བརྒྱུད་ལམ་ཁག་ཡོངས་སུ་བོད་དོན་སྐོར་གནས་ཚུལ་ཐོན་དང་ཐོན་བཞིན་ཡོད། ཁ་སང་ནིའུ་ཡོཀ་དུས་བབ་ནང་རྩོམ་ཡིག་ཞིག་བྲིས་འདུག གནད་དོན་གཙོ་བོ་བོད་ནང་རང་ལུས་མེར་སྲེག་བཏང་མཁན་མང་པོ་དེ་འདྲ་ཡོང་གི་ཡོད་ཀྱང་། རྒྱ་རིགས་མཁས་པ་ལྟ་བ་གུ་ཡངས་ཅན་མང་པོ་ཞིག་ཡོད་ཀྱང་། བོད་དོན་ཐོག་གནད་དོན་ཤོད་མཁན་ཉུང་ཤས་ཤིག་ལས་མི་འདུག རྒྱ་ནག་གི་མང་གཙོ་རྩོད་མཁན་དེ་དག་གིས་རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར། ལྐོག་ཟ་རུལ་སུངས་བཅས་ལ་ནམ་རྒྱུན་ནས་བགྲོ་གླེང་མང་པོ་བྱེད་ཀྱི་ཡོད། འོན་ཀྱང་བོད་དོན་སྐོར་ལ་བགྲོ་གླེང་གནང་གི་མི་འདུག་གལ་ཏེ་གནང་ཡང་ཉུང་ཤས་ལས་མི་འདུག དེ་མི་རིགས་ཀྱི་དབྱེ་འབྱེད་ཡིན་ནམ། རྒྱ་རིགས་ལ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་པའི་རྩོམ་ཡིག་འབྲི་ཐུབ་ཀྱི་ཡོད་པ་ལྟར་བོད་ནང་བོད་མིས་རང་ལུས་བློས་བཏང་ལ་ག་རེ་བྱས་ཏེ་རྒྱ་རིགས་མཁས་དབང་ཚོས་བགྲོ་གླེང་བྱེད་ཀྱི་མེད་དམ། ཞེས་པའི་རྩོམ་ཡིག་ཞིག་བཀོད་འདུག རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་བོད་དོན་ཁྱབ་དང་ཁྱབ་བཞིན་ཡོད།
དེ་བཞིན་རྒྱ་ནག་གི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་ཚོགས་བཞིན་པའི་ཐོག་བོད་མིའི་འགོ་ཁྲིད་ཡིན་ཟེར་བ་འགའ་ཤས་ཀྱི་གསར་འགོད་པ་ཚོར་དུས་རྟག་ཏུ་ནེ་ཙོ་ལྟར་བོད་ལ་བདེ་སྐྱིད་ཡོད་རབས་ཀྱི་སྐད་ཆ་ཡ་མཚན་འགའ་ཤས་སྐྱོར་འདུག མི་སེར་སྤེལ་ཡུལ་དང་མཁྲེགས་འཛིན་གྱི་སྲིད་བྱུས་དེའི་འོག་དེ་དག་མོས་མཐུན་རྩ་བ་ནས་མེད་ཞུ་རྒྱུ་ཡིན། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་སྨོན་ལམ་མུ་མཐུད་ཚོགས་གནང་བ་བཅས།།