༢༠༡༢ ཟླ་ ༡༡ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །འདི་གར་སྦིར་ནང་ཆེན་ཅོན་ཏ་ར་ས་གནས་འགོ་འཛིན་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༩ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༩ ཉིན་ཅོན་ཏ་ར་གཞིས་ཆགས་སུ་ཉིན་དེའི་སྔ་དྲོ་ཚོུད་ ༩ ནས་ ༡༢ བར་དཔལ་འབྲི་གུང་བཀའ་བརྒྱུད་བུམ་མང་བྱམས་པ་གླིང་དགོན་ནས་ད་བར་བོད་ཀྱི་བདེན་མཐའ་གསལ་ཆེད་སྐུ་ལུས་མེར་སྲེག་གི་གཏོང་མཁན་གྱི་གཞིས་ལུས་བོད་མི་རྣམས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུས་ཡོད།
དེ་ཡང་ཐོག་མར་ས་གནས་འགོ་འཛིན་བསྟན་འཛིན་རབ་དགའ་ལགས་ཀྱིས་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུ་དགོས་པའི་གནས་སྟངས་གསལ་བཤད་ཞུས་མཚམས། དཔལ་བུམ་མང་བྱམས་པ་གླིང་དགོན་གྱི་དགེ་འདུན་པ་རྣམས་ནས་བླ་མ་མཆོད་པའི་ཆོ་གའི་ཐོག་ནས་བོད་ནང་རྒྱལ་གཅེས་པ་འདས་གསོན་ཡོངས་ཀྱི་ཆེད་བྱང་ཆོག་དང་སྨོན་ལམ་རྣམ་གསུམ་བཅས་ཀྱི་མཆོད་འབུལ་དང༌། ཅོན་ཏ་ར་ཁུལ་དགོན་པའི་དགེ་འདུན་པ་དང་། སྡེ་དགེ། ནང་ཆེན། སྨན་རྩིས་ཁང་བཅས་ནས་སེར་སྐྱ་མི་གྲངས་ ༨༠ ཙམ་ནས་སྨོན་ལམ་མཆོད་འབུལ་ནང་མཉམ་ཞུགས་གནང་ཡོད། གཞན་ཡང་དགོན་པ་རང་ནས་གསོལ་ཚིགས་འབུལ་གཤོམ་དང༌། གསོལ་ཇ་ཞལ་ཏོག་བཅས་གོ་སྒྲིག་ཞུས་ཡོད། ནང་ཆེན་ཚོགས་པ་ནས་མཆོད་མེ་བརྒྱ་མཆོད་ཕུལ་ཡོད།
དེ་ཉིན་ཚོུད་ ༢ ནས་ ༥ བར་དཔལ་ཨེ་ཝམ་འགྱུར་མེད་གླིང་དགོན་ནས་གཏེར་ཆེན་མཆོག་གྱུར་གླིང་པའི་ཟབ་གཏེར་ལས་བྱུང་བའི་མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་སྒོ་ནས་ཚོགས་འཁོར་དང༌། མར་མེ་མཆོད་འབུལ་དང༌། མི་མང་རྣམས་ནས་མ་ཎི་གསོག་སྒྲུབ་བཅས་སེར་སྐྱ་མི་གྲངས་ ༥༠ ཙམ་འདུ་འཛོམས་གནང་ཡོད་པ་བཅས།།