༢༠༡༢ ཟླ་ ༡༢ ཚེས་ ༤ རེས་གཟའ་མིག་དམར།
༄༅། །འདི་གར་ཕ་རན་སིའི་སྐུ་ཚབ་དོན་ཁང་གི་འབྲེལ་འཐུས་པ་སྐུ་ཞབས་ཚེ་རིང་དོན་གྲུབ་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༨ ཉིན་ཕ་རན་སིའི་གྲོས་ཚོགས་ France’s National Assembly འོག་མའི་འཐུས་མི་སྐུ་ཞབས་ལིའོ་ནལ་ལུ་ཁ་ (Mr. Lional LUCA ) མཆོག་གིས་བོད་མིས་རང་ལུས་མེར་སྲེག་བཏང་བའི་གནད་དོན་སྐོར་ཕ་རན་སིའི་སྲིད་བློན་མཆོག་ལ་དྲི་བ་ཞིག་བཏོན་པའི་ནང་འཁོད་དོན།
ཕྱི་ལོ་ ༢༠༡༡ ལོའི་དཔྱིད་ཀའི་དུས་སུ་མི་གཅིག་གིས་རང་ལུས་མེར་སྲེག་བཏང་རྗེས་ཨ་རབ་གསར་བརྗེ་ཆེན་མོ་བྱུང་ཡོད། བོད་མི་ ༨༤ རང་ལུས་མེར་སྲེག་བཏང་ཡོད་ནའང་རྒྱ་ནག་གི་གྲང་ངར་ཆེ་བའི་དགུན་དུས་དེར་དྲོད་སྣང་ཀྱི་བདེ་བ་གང་ཡང་སྟེར་ཐུབ་མེད། བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱི་ལམ་ནས་ཞི་རྒོལ་སྤེལ་བཞིན་པའི་ས་ཁུལ་དེ་དག་བོད་ཀྱི་ས་བཀྲའི་སྟེང་ང་ཚོས་གཟིགས་དང། འདས་པའི་ཉིན་གྲངས་འགའ་ཤས་ནང་རང་ལོ་ ༡༨ ནས་ ༢༩ སོན་པའི་བོད་མི་གཞོན་སྐྱེས་ ༧ གྱིས་རང་ལུས་མེར་སྲེག་བཏང་བ་མ་ཟད། དེ་རྗེས་བོད་མི་ཚོས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་ཏེ་གདུང་སེམས་མཉམ་སྐྱེའི་རྣམ་པ་བསྟན་ཡོད།
རྒྱ་ནག་གཞུང་གིས་རང་ལུས་མེར་སྲེག་འགོག་ཆེད་བོད་མི་གྲོང་གསེབ་རེ་རེའི་ནང་གནོན་ཤུགས་ཧ་ཅང་ཆེན་པོ་སྤྲོད་བཞིན་ཡོད་པ་མ་ཟད། རང་ལུས་མེར་སྲེག་གི་གནས་ཚུལ་གང་ཡང་མི་ལྷག་པའི་ཁས་ལེན་ཡིག་ཆར་བཙན་དབང་འོག་མིང་རྟགས་འགོད་འཇུག་པ་དང། གལ་ཏེ་ཡིག་ཆའི་སྟེང་མིང་རྟགས་མ་བཀོད་ཚེ་འཛིན་བཟུང་བཙོན་འཇུག་བྱ་རྒྱུའི་སྡིགས་ར་གཏོང་བཞིན་ཡོད།
རྒྱལ་སྤྱིའི་ཨོ་རྩེད་འགྲན་བསྡུར་གྱི་སྤྲོ་སྣང་ད་ཆ་ཡལ་ཟིན། འོན་ཀྱང་རྒྱ་ནག་ལ་ཨོ་རྩེད་གོ་སྒྲིག་བྱ་རྒྱུའི་གོ་སྐབས་སྤྲད་པ་དེའི་དགོས་དམིགས་ནི་རྒྱ་ནག་ནང་མང་གཙོའི་བཅོས་བསྒྱུར་ཡོང་ཆེད་ཡིན། བོད་མི་ས་ཡ་དྲུག་ལྟ་བུར་མཚོན་ན། ཁོང་ཚོས་ཆོས་དད་རང་དབང་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཐོབ་ཐང་རྩོད་བཞིན་ཡོད་ཀྱང་ཁོང་ཚོས་དེང་སྐབས་སྔར་བྱུང་མྱོང་མེད་པའི་དྲག་གནོན་ཧ་ཅང་ཆེ་བའི་གནས་སྟངས་འོག་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད། ངས་སྐུ་ཉིད་མཆོག་ལ་དྲན་སྐུལ་ཞུ་རྒྱུ་འི་གནད་དོན་ནི། རྒྱ་གཞུང་དམག་དཔུང་གིས་བོད་ས་བཙན་འཛུལ་བྱས་རྗེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་ལ་རང་དབང་སྤྲོད་དགོས་པའི་གྲོས་ཆོད་ཐེངས་གཉིས་བཞག་ཡོད། དེང་སྐབས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་མིའི་ཆ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་བཙན་བྱོལ་བོད་མི་ཚོས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་མཛད་ཟིན།
བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་ནང་འཁོད་པའི་བོད་མི་ཚོར་རང་སྲིད་རང་སྐྱོང་གི་ཐོབ་ཐང་ཡོད་པ་དེ་རྩོད་བཞིན་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་ལྕམ་སྐུ་ན་ཝི་པིལ་ལེ་ Navi Pillay མཆོག་གིས་བོད་ནང་དུ་རང་དབང་ཅན་གྱི་གནས་ཚུལ་རྟོག་ཞིབ་པ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད། དེང་སྐབས་བོད་ནང་དུ་ཕྱི་རྒྱལ་བ་གཏོང་རྒྱུ་ལྟ་ཅི། རྒྱ་ནག་ཏུ་རྟེན་གཞི་བྱས་པའི་ཕ་རན་སིའི་གཞུང་ཚབ་ཁང་གི་སྐུ་ཚབ་འཐུས་མི་ཡང་གཏོང་གི་མེད།
ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་བསླེབ་ལ་ཉེ། ཉིན་དེར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ། ཞེས་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་ཡོད། བསྒྲགས་གཏམ་ཟིན་འབྲིས་ཚོགས་ཆུང་ནང་ཕ་རན་སི་སྐུ་ཞབས་རི་ནེ་ཁ་སིན་ René Cassin མཆོག་ཀྱང་ཡོད། དེར་བརྟེན་བསྒྲགས་གཏམ་དེར་བརྩི་བཀུར་ཞུ་ཆེད་ཕ་རན་སིའི་གཞུང་གིས་གང་འདྲ་བྱ་རྒྱུ་ཡིན། ཞེས་དྲི་བ་བཏོན་པར་སྐུ་ཚབ་འཐུས་མི་རྣམས་ཀྱིས་དགའ་བསུའི་ཐལ་མོ་བརྡབས།
དེ་རྗེས་ཕ་རན་སིའི་ཡུ་རོབ་ལས་དོན་གྱི་བློན་ཆེན་སྐུ་ཞབས་བྷར་ན་ཌི་ཀ་ཛི་ནོ་ཝེ་ M. Bernard Cazeneuve མཆོག་གིས་ཕ་རན་སིའི་སྲིད་གཞུང་གིས་དེ་སྔ་རྒྱ་ནག་འབྲེལ་ཡོད་དཔོན་རིགས་དང་ལྷན་བོད་ཀྱི་གནད་དོན་སྐོར་གླེང་སློང་གནང་སྟེ་བོད་མིའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་ཞུས་པ་མ་ཟད། འབྱུང་འགྱུར་ཡང་རྒྱ་ནག་འབྲེལ་ཡོད་དཔོན་རིགས་ཚོ་དང་ཐུག་འཕྲད་སྐབས་བོད་ཀྱི་གནད་དོན་མུ་མཐུད་གླེང་རྒྱུ་ཡིན་ཞེས་ཁས་ལེན་ཡང་གནང་ཡོད་པ་བཅས།།