༢༠༡༢ ཟླ་ ༡༡ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༩ རེས་གཟའ་ཕུར་བུའི་ཉིན་རྒྱབ་ཆུ་ཚོད་ ༡ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མོན་གྷོ་གཞིས་ཆགས་སུ་རྟེན་གཞི་བྱས་པའི་གདན་ས་ཆེན་པོ་གསུམ་གྱི་ཡ་རྒྱལ་དཔལ་ལྡན་འབྲས་དཀར་སྤྲུངས་པའི་ཚོགས་ཆེན་གྱི་བཞུགས་ཁྲིར་༸ཞབས་སོར་འཁོད་བསྟུན། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། འབྲས་སྤུངས་མཁན་པོ་ཁྲི་པ་བློ་བཟང་བསྟན་པ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་བསྟུན། ༸གོང་ས་མཆོག་གིས་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་དང་དགའ་ལྡན་ཕོ་བྲང་དབར་གྱི་འབྲེལ་བའི་སྐོར་སོགས་བཀའ་སློབ་སྩལ་དོན།
༸གོང་ས་ལྔ་པ་ཆེན་པོས་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཏེ་འབྲས་སྤུངས་ནས་རྩེ་པོ་ཏ་ལར་ཚུར་ཕེབས་པ་རེད། ད་ལྟ་ང་ཚོ་བཙན་བྱོལ་བ་བྱས་ཏེ་བསྡད་ཡོད་པ་རེད་མ་གཏོགས་འགྲོ་སྟངས་ཏེ་རྩེ་ཕོ་བྲང་ནས་འབྲས་སྤུངས་ལ་ཡར་ལོག་རྒྱུའི་མཚམས་ལ་བསླེབས་ཡོད། དེར་བརྟེན་ང་ཚོ་བྱེས་ཀྱི་དཔལ་ལྡན་འབྲས་དཀར་སྤུངས་པར་སྔོན་ལ་བཅར་ཐུབ་ན་བསམས་བྱུང་། གཙོ་ཆེ་ཤོས་གླིང་རིན་པོ་ཆེའི་གདུང་རྟེན་འདིར་བཞུགས་ཡོད། རྗེ་རིན་པོ་ཆེའི་སྨད་དུ་བྱུང་བའི་ལེགས་བཤད་གངས་ཅན་མཁས་པའི་གཞུང་པོད་བཅོ་བརྒྱད་ཡོད་པའི་ནང་བཤད་ལུང་ཡོད་པ་པོད་དགུ་ཙམ་འདུག འབད་བརྩོན་བྱས་ཏེ་བཤད་ལུང་གང་ས་ག་ནས་བཙལ་ཏེ་བཤད་ལུང་ཡོད་པ་དེའི་ནང་ནས་སྐབས་སུ་བབས་པ་དེ་ལམ་རིམ་ཆེ་འབྲིང་ཆུང་གསུམ་ཞུ་བ་ཡིན་ནའང་འདྲ། ལམ་རིམ་ཆེན་མོ་དང་ལམ་རིམ་ཆུང་ངུ་། ལམ་རིམ་བསྡུས་དོན་གཙོ་བོར་གྱུར་བ་དེ་དང་འབྲེལ་བའི་ཁྲིད་ཆེན་ཁག་གི་ཁྲིད་རྒྱུན་ཐོབ་པ་དེ་དག་ཆ་ཚང་དེ་རེས་འདོན་རྒྱུའི་གོ་སྐབས་བྱུང་བ་རེད། ཆད་ཉན་བྱེད་པའི་རིང་འདིར་རྗེ་རིན་པོ་ཆེས་གཏེར་ནས་བཞེས་པའི་ཆོས་དུང་དེ་མར་གདན་འདྲེན་ཞུས་ཏེ་དེའི་བྱིན་རླབས་དང་རྟེན་འབྲེལ་གྱི་ཁྱད་པར་ཏན་ཏན་ཡོང་གི་རེད་བསམས་བྱུང་། བདུན་ཕྲག་གཉིས་ཀྱི་རིང་ལམ་རིམ་གྱིས་ཆོས་འབྲེལ་བྱེད་ས་སོ་སོར་གདན་འདྲེན་ཞུ་རྒྱུ་ཡིན། ཆོས་དུང་དེ་འབྲས་སྤུངས་ཀྱི་ཡིན་དུས་འབྲས་སྤུངས་ཁྲི་པར་མར་གདན་འདྲེན་ཞུས་ཆོག་པའི་ཆོག་ཆོག་མཆན་ཞུ་གི་ཡིན། དེ་རིང་གླིང་རིན་པོ་ཆེ་གློ་བུར་གྱི་བརྡབ་ཆག་བྱུང་སྟེ་སྐུ་འགེགས་རེད། དེ་ལྟར་ཆགས་སོང། དེ་བློ་ཕམ་བྱུང་མ་གཏོགས་གཞན་ཚང་མ་གྲ་སྒྲིག་པོ་ཧ་ཅང་ཡག་པོ་བྱུང་སོང་བས་ཐུགས་རྗེ་ཆེ་ཞུ་གི་ཡིན། ཚང་མས་ཐུགས་སྨོན་མཚམས་སྦྱོར་གནང་རོགས་གནང་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་བ་དང།
དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་བོད་མིའི་འཐབ་རྩོད་དང་ལམ་ལུགས་ཚང་མ་དུས་ཀྱི་འགྱུར་བ་དང་བསྟུན་པའི་སྒོ་ནས་འགྲོ་དགོས་པ་གལ་ཆེ་ཡིན་དུས་གང་ཉིད་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་མང་གཙོའི་ལམ་ནས་མི་མང་གིས་འོས་འདེམས་བྱས་པའི་སྲིད་སྐྱོང་ལ་རྩོས་སྤྲོད་མཛད་ཟིན་པའི་སྐོར་བཀའ་སློབ་ཕེབས་དོན། སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ངོས་ཀྱིས་ཆབ་སྲིད་ཀྱི་འགན་ཚུར་ཞུས་པ་རེད། ད་ཆ་ལོ་ངོ་ ༦༠ ཕྱིན་པའི་རྗེས་སུ་མི་མང་གིས་མང་གཙོའི་ལམ་ནས་མང་མོས་ཀྱི་འོས་འདེམས་བྱུང་པའི་ཆབ་སྲིད་ཀྱི་འགོ་ཁྲིད་སྲིད་སྐྱོང་ལ་ཆབ་སྲིད་ཀྱི་ལས་འགན་རྩིས་སྤྲོད་ཐུབ་པ་བྱུང་བ་དེ་དངོས་གནས་དགའ་ཞིང་སྤྲོ་ཞིང་དང་སྤོབས་པ་བྱས་ཏེ་ཕུལ་གྱི་ཡོད། དེེར་བརྟེན་ཧ་ཅང་དགའ་པོ་བྱུང་། ང་ཚོ་རྒྱ་གར་ལ་བསླེབས་མ་ཐག་ནས་བཟུང་ང་ཚོས་མང་གཙོའི་ལམ་ལ་འགྲོ་རྒྱུ་ཞིག་བྱས་པ་རེད། དེར་བརྟེན་རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན་གཅིག་ད་རེས་བསྒྲུབས་སོང་ཞེས་ཞུ་རྒྱུ་བྱུང་། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།
དཔལ་ལྡན་འབྲས་སྤུངས་བླ་སྤྱིའི་མཛད་སྒོ་གྲུབ་རྗེས་ཉིན་རྒྱབ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་ཆོས་རྭའི་ནང་ལམ་རིམ་བགྲོ་གླེང་གི་དབུ་འབྱེད་མཛད་སྒོར་ཆིབས་སྒྱུར་བསྐྱངས་ཡོད། ཕྱི་ཚེས་ ༣༠ ཆུ་ཚོད་ ༩ ནས་དགའ་ལྡན་བླ་སྤྱིར་ལམ་རིམ་གྱི་ཆོས་འབྲེལ་དབུ་འཛུགས་མཛད་རྒྱུ་ཡིན་འདུག ཐེངས་འདིའི་ལམ་རིམ་ཆོས་འབྲེལ་ཐོག་ཆོས་ཞུར་བཅར་མཁན་རྒྱལ་ཁབ་ཁྱོན་བསྡོམས་ ༥༣ ཙམ་ནས་ཆོས་ཞུ་བ་ཁྱོན་མི་གྲངས་ ༢༥༠༠༠ ཙམ་ཕེབས་ཀྱི་ཡོད་འདུག་པ་བཅས།།