ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་༢༠ རེས་གཟའ་པ་སངས།
༄༅། ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༢༠ རེས་གཟའ་པ་སངས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣།༠༠ ཐོག་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་རྒྱལ་གཅེས་དཔའ་བོ་བསྟན་དར་ལ་རྒྱ་ནག་གཞུང་གིས་ཚད་ལས་བརྒལ་བའི་མནར་གཅོད་བཏང་སྟེ་དམྱལ་བ་མི་ཡུལ་དུ་མྱངས་བ་ལྟ་བུའི་སྡུག་བསྔལ་འོག་མཐར་འདས་གྲོངས་སུ་གྱུར་དགོས་བཟོས་ཡོད། དེ་མིན་བོད་མི་ཞི་བའི་སྒེར་ལངས་བྱེད་མཁན་མང་དག་འཛིན་བཟུང་གིས་མི་སྤྱོད་ལས་འདས་པའི་ཉེས་རྡུང་བཏང་བ་བཅས་ཀྱི་དོན་རྐྱེན་གཉིས་ཐོག་བརྙན་ཕབ་བརྒྱུད་གསར་འགོད་ལྷན་ཚོགས་ཀྱི་ཐོག་ནས་བདེན་དཔང་གསལ་སྟོན་བྱས་ཡོད།
དེ་ཡང་གསར་འགོད་ལྷན་ཚོགས་ཀྱི་ཐོག་མར་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ནས་ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༣ ནས་ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༣༡ བར་བོད་ནང་རྒྱ་གཞུང་གི་ཉེས་རྡུང་འོག་བོད་མི་གྲངས་ ༢༢༠ ལྷག་ཙམ་འདས་གྲོངས་སུ་གྱུར་བ་དང་། དེ་བཞིན་མི་གྲངས་ ༡༢༩༤ ལྷག་ཙམ་ལ་རྨས་སྐྱོན་ཤུགས་ཆེ་བཟོས་ཡོད་པ། ༥༦༠༠ ལྷག་འཛིན་བཟུང་བྱས་ཡོད་པ་མ་ཟད། ༢༡༩ ལྷག་ཙམ་གར་སོང་ཆར་མེད་དུ་གྱུར་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།
དེ་ནས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ནས་དོན་རྐྱེན་གཉིས་ཀྱི་སྐོར་ལ་ལྷན་ཚོགས་ཐོག་འགྲེལ་བརྗོད་གནང་གསལ། སྔ་ལོ་ཕྱི་ཟླ་ ༣ ཚེས་ ༡༠ རྗེས་བོད་ཀྱི་ས་ཁུལ་ཡོངས་རྫོགས་སུ་ཞི་བའི་གྱེན་ལངས་བྱས་པའི་སྐབས་དེར་རྒྱ་ནག་གཞུང་གིས་དྲག་སྤྱོད་ཀྱི་ཐོག་ནས་མེ་མདའ་བརྒྱབ་པ་དང་། འཇུ་བཟུང་བྱས་པའི་བོད་མི་ཚོར་ཉེས་རྡུང་ཚད་མེད་བཏང་རྗེས་ཁག་གཅིག་བཙོན་དུ་བཅུག་པ་དང་། ཁག་གཅིག་སྨན་ཁང་དུ་བསྐྱལ་ཡང་སྨན་བཅོས་ཡག་པོ་མ་བྱས་པའི་ཐོག་ལ་གསར་འགོད་ལྷན་ཚོགས་དེ་བཞིན་ཚོགས་བཞིན་ཡོད་པའི་འགྲེལ་བརྗོད་གནང་ཡོད་པ་རེད། དེ་ནས་ཁོང་གིས་རྒྱལ་གཅེས་དཔའ་བོ་བསྟན་དར་ལགས་ཀྱི་ལོ་རྒྱུས་འགྲེལ་བརྗོད་གནང་སྟེ་བརྙན་ཕབ་བསྟན་གནང་ཡོད་པ་རེད།
རྒྱལ་གཅེས་དཔའ་བོ་བསྟན་དར་ལགས་ཀྱི་ལོ་རྒྱུས།
༄༅། བསྟན་དར་ལགས། ཕྱི་ལོ་ ༡༩༧༩ ལོར་ལྷ་སར་སྐྱེས་ཤིང་། ལྷ་སའི་ནུབ་ཕྱོགས་སུ་ཡོད་པའི་དབྱི་ཏུང་ཆ་འཕྲིན་ཀུང་སིའི་(Yidong Tongxin Gongsi Fu Jingli)ཅིང་ལི་གཞོན་པ་ཡིན། དབྱི་ཏུང་ཆ་འཕྲིན་ཀུང་སི་ཞེས་པ་དེ་ནི་ལག་འཁྱེར་ཁ་པར་གྱི་ལས་ཁུངས་ཤིག་ཡིན་ཞིང་། ལས་ཁུངས་དབུས་དེ་ནི་ལྷ་ས་ཁྲེང་ཀོན་ཆུས་བཅིངས་འགྲོལ་དཀྱིལ་ལམ་ཨང་ ༨༤ པར་ཡིན།(China Mobile Group Xizang Company)
ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༤ ཉིན་ལྷ་སར་བོད་མི་ཚོས་ཞི་རྒོལ་བྱས་པའི་སྐབས་ཉིན་གུང་ཡོལ་ཙམ་ལ་ལས་ཁུངས་སུ་བསྐྱོད་སྐབས་པེ་ཅིང་ནུབ་ལམ་དུ་ཡོད་པའི་ལྷ་ས་གྲོང་ཁྱེར་ཉེན་རྟོག་རུ་ཆེན་(Xing Jing Dadui)ཞེས་པའི་ལས་ཁུངས་ཀྱི་ཉེ་འགྲམ་དུ་སླེབས་སྐབས་དྲག་ཆས་དམག་མི་ལྔ་དྲུག་གིས་དགེ་འདུན་པ་ཞིག་ལ་ཉེས་རྡུང་ཚད་མེད་བཏང་བ་མཐོང་སྟབས། བསྟན་དར་ལགས་ནས་སེམས་ཀྱིས་མ་བཟོད་པར་ཉེས་རྡུང་དེ་འདྲ་མ་བཏང་རོགས་ཞེས་བརྗོད་སྐབས། དྲག་ཆས་དམག་མི་དེ་ཚོས་བསྟན་དར་ལ་ཉེས་རྡུང་བཏང་བས་མ་ཚད། མེ་མདའ་ཐེངས་གཉིས་བསྟུད་མར་བརྒྱབ་པ་སྟོད་སྒལ་དང་རྩིབས་མའི་མཚམས་སུ་ཕོག
དེའི་རྐྱེན་གྱིས་བསྟན་དར་ལགས་དྲན་པ་ཐོར་རྗེས་དམག་མི་དེ་ཚོས་ལྗོངས་སྤྱི་ཁྱབ་སྨན་ཁང་(Zong Yi Yuan)དུ་ཁྲིད། སྨན་ཁང་དེ་ནི་བོད་དམག་ཁུལ་ཁང་གི་དམག་མིའི་སྨན་ཁང་ཡིན་ཞིང་། སྨན་ཁང་དེ་སེ་རྭ་དགོན་པའི་ཉེ་འཁྲིས་སུ་ཆགས་སྟབས་ལྷ་སའི་ནང་ཡོངས་གྲགས་ལ་སེ་རྭའི་སྨན་ཁང་ཟེར།
སྨན་ཁང་དེར་བསྟན་དར་ལགས་ལ་སྨན་བཅོས་ཀྱི་མཐུན་རྐྱེན་ཐོབ་རྒྱུ་ཕར་བཞག མེ་མདའ་ཕོག་ཤུལ་དུ་རྡོག་རྒྱག་གཞུས་པ་དང་། ལུས་པོའི་སྟེང་དུ་ཐ་མག་གི་མེ་ཚགས་བཙུགས་པ། གློག་རྒྱུགས་སོགས་གཞུས་ནས་ལུས་པོའི་སྟེང་དུ་གང་སར་རྨ་བཟོས་ཡོད་པ་མ་ཟད། རྐང་པ་གཡས་པའི་མཐིལ་དུ་ལྕགས་གཟེར་ཡང་བཙུགས་ཡོད་པ་རེད།
ནང་མི་ཚོས་འཚོལ་ཞིབ་བྱས་ཏེ་ལྗོངས་སྤྱི་ཁྱབ་སྨན་ཁང་དུ་ཡོད་པ་ཤེས་རྗེས་སྨན་ཁང་དུ་བསྐྱོད་དེ་བུ་རང་ཁྱིམ་དུ་ཁྲིད་ཆོག་པའི་རེ་བ་ཡང་ཡང་བཏོན་ཡང་། དོན་འབྲས་མ་སོན་པའི་གནས་ཚུལ་ཡོད་པ་དང་། མཐར་ཕྱི་ཟླ་ ༤ པའི་ཚེས་ཤར་ཙམ་ནས་ལྗོངས་མི་དམངས་སྨན་ཁང་(Ren Min Yi Yuan)དུ་སྨན་བཅོས་བྱ་འགོ་ཚུགས། བསྟན་དར་ལགས་ཀྱི་ལུས་སྟེང་གི་རྨ་དང་། ཉེས་རྡུང་ཚད་མེད་བཏང་བའི་རྨ་ཤུལ་རྣམས་སྨན་པ་དང་། སྨན་གཡོག་ནས་མཐོང་རྗེས་སྨན་ཞབས་པ་གཉིས་ཧ་ལས་ཧང་སངས་པའི་གནས་ཚུལ་བྱུང་ཡོད། ལྗོངས་སྤྱི་ཁྱབ་སྨན་ཁང་དུ་སྡོད་རིང་བསྟན་དར་ལ་ཉེས་རྡུང་ཚད་མེད་ཕོག་པ་དང་། སྨན་བཅོས་ཚུལ་བཞིན་མ་བྱུང་བའི་ཁར། རྨའི་སྟེང་དུ་འགྱིག་ཤོག་གཡོག་པ་སོགས་བྱས་པའི་རྐྱེན་རྨས་སྐྱོན་བཟོས་པའི་ཤ་རྣམས་རྦད་དེ་རུལ་བའི་གནས་ཚུལ་བྱུང་བ་བརྙན་འཕྲིན་འོད་སྡེར་འདི་ནས་གསལ་པོ་མཐོང་ཐུབ།
བསྟན་དར་ལགས་ལ་ ༢༠༠༨ ཕྱི་ཟླ་ ༣ ཚེས་ ༡༤ ཉིན་མེ་མདའ་ཕོག་རྗེས་དམག་མིས་འཛིན་བཟུང་བྱས་པ་ནས་ཕྱི་ཟླ་ ༣ པའི་ཟླ་མཇུག་ཏུ་ནང་མིའི་ལག་ཏུ་མ་རག་བར་དུས་ཡུན་ཟླ་ཕྱེད་ཙམ་ལས་ཕྱིན་མེད་ནའང་སྐབས་དེ་དུས་ནས་དཔྱི་མགོ་དང་དེའི་གཡས་གཡོན་གྱི་རྨ་རྣམས་རྦད་དེ་རུལ་ཟིན་པར་བརྟེན། ལྗོངས་མི་དམངས་སྨན་ཁང་ནས་ཤ་རུལ་པ་རྣམས་གཙང་མ་བཟོས་ཏེ་ཤ་རྒྱ་མ་ ༥ ཙམ་བཀོག་དགོས་བྱུང་བ་དང་། འགྲོ་སོང་ཕོན་ཆེན་བཏང་སྟེ་སྨན་བཅོས་ཞབས་རིམ་གང་ཡོང་བྱས་ཀྱང་དྲག་སྐྱེད་མ་བྱུང་བར་རང་ཁྱིམ་དུ་ཁྲིད་རྒྱུ་ཙམ་ལས་གཞན་གྱི་བྱ་ཐབས་གང་ཡང་མེད་པའི་གནས་ཚུལ་འོག ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༡༩ བོད་ཟླ་ ༤ ཚེས་ ༡༦ རེས་གཟའ་ཕུར་བུའི་ཉིན་དགོང་མོའི་ཆུ་ཚོད་ ༩ པའི་ཐོག་རང་ཁྱིམ་དུ་འདས་གྲོངས་སུ་གྱུར་ཡོད། བོད་པའི་སྲོལ་རྒྱུན་གྱི་ལུགས་སྲོལ་ལྟར་ཕུང་པོ་བྱ་གཏོར་བྱེད་སྐབས་བསྟན་དར་གྱི་དཔྱི་མགོ་དང་། མཁལ་མའི་སྟེང་ཉེས་རྡུང་བཏང་བའི་རྨ་ཤུལ་ཡོད་པ་མ་ཟད། རྐང་པ་གཡས་པའི་རྟིང་ཁའི་སྟེང་དུ་གཟེར་དཀར་ཡང་བཙུགས་ཡོད་པ་བཅས་བཤད་ན་ཡིད་ཆེས་དཀའ་བའི་གནས་ཚུལ་སྙན་སེང་ཞུས་པ་རྣམས་དངོས་བདེན་ཡིན་མིན་བརྙན་འཕྲིན་འདི་ལ་གཟིགས་རོགས་གནང་།
བསྟན་དར་ལགས་དེ་སྔ་རྒྱ་ནག་ཟི་ཁྲོན་ཁུལ་དུ་སློབ་སྦྱོང་བྱེད་མྱོང་ཡོད་པ་དང་། དེ་རྗེས་ཀྲུང་གོ་མི་དམངས་དངུལ་ཁང་དུ་(Zhongguo Renmin Yinhang)དུ་ལས་ཀ་བྱས་ཤིང་། དེ་ནས་ཡུན་རིང་མ་སོང་བར་ལྷ་སའི་ནུབ་ཕྱོགས་སུ་ཡོད་པའི་དབྱི་ཏུང་ཆ་འཕྲིན་ཀུང་སིར་(Yidong Tongxin Gongsi)ལས་སྒྱུར་བྱས་ཏེ། ལས་ཁུངས་དེའི་ཅིང་ལི་གཞོན་པའི་ལས་ཁུར་ལེན་བཞིན་པའི་སྐབས་ཏེ། སྔ་ལོ་ཕྱི་ཟླ་ ༣ ནང་གོང་གི་ཡིད་སྐྱོའི་གནས་ཚུལ་དེ་བྱུང་བ་རེད། བསྟན་དར་ལགས་ཀྱི་ནང་མིའི་ལོ་རྒྱུས་གང་འདྲ་ཡིན་མིན་ཆ་ཚང་ཞིང་ཁ་གསལ་ཞིག་མི་ཤེས་ཀྱང་། ཕ་མ་གཉིས་དེང་སང་ལྷ་སར་བསྡད་ཡོད་པའི་གནས་ཚུལ་གོ་རྒྱུ་འདུག་པ་བཅས།
བརྙན་ཕབ་དེ་བསྟན་གྲུབ་རྗེས་ཕྱི་དྲིལ་དྲུང་ཆེ་རྣམ་གཉིས་ནས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་གནང་སྟེ་གསར་འགོད་ལྷན་ཚོགས་དེ་ལེགས་གྲུབ་བྱུང་ཡོད།