༢༠༡༢ ཟླ་ ༡༡ ཚེས་ ༢༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༧ རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་རྒྱལ་ས་བྷེང་ལོར་ནས་རྒྱང་ཐག་ཀི་ལོ་མི་ཊར་ ༧༠ ཙམ་གྱི་སར་ཡོད་པའི་ཏུམ་ཀུར་གྲོང་ཁྱེར་གྱི་གཙུག་ལག་སློབ་གྲྭའི་ Tumkur University ནང་ཆིབས་སྒྱུར་བསྐྱངས་ཏེ་གཙུག་ལག་སློབ་གྲྭའི་ཚོགས་ཁང་ཞིག་ཏུ། དེང་དུས་ཤེས་ཡོན་ལམ་ལུགས་ནང་རྣལ་འབྱོར་ཉམས་ལེན་གྱི་ཐབས་ལམ། ཞེས་པའི་ལྷན་ཚོགས་དབུ་འཛུགས་མཛད་པ་མ་ཟད། གཙུག་ལག་སློབ་གྲྭའི་ཕུལ་བྱུང་སློབ་དཔོན་གྱི་ཕྱག་འཁྱེར་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུས་ཡོད།
དེ་ཡང་༸གོང་ས་མཆོག་གཙུག་ལག་སློབ་གྲྭར་ཆིབས་སྒྱུར་བསྐྱངས་སྐབས་ཏུམ་ཀུར་གཙུག་ལག་སློབ་གྲྭ་དང་སེར་བྱེས་མཁས་སྙན་གྲྭ་ཚང་གི་སྐུ་ཚབ་རྣམས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་སྡིངས་ཆའི་སྟེང་༸ཞབས་སོར་འཁོད་བསྟུན། ༸གོང་ས་མཆོག་དང་ལྷན་དུ་ཁུལ་དེའི་ཧིན་དུའི་བླ་ཆེན་དགུང་གྲངས་ ༡༠༥ སོན་པ་སྐུ་ཞབས་ཤི་ཝ་ཀུ་མཱ་རཱ་མ་ཧཱ་སྭ་མི་ཇི་ His Holiness Dr. Sree Sree Shivakumara Maha Swamiji མཆོག་དང་། བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག སེར་བྱེས་མཁན་པོ་བློ་བཟང་བདེ་ལེགས་མཆོག སེར་སྨད་མཁན་པོ་ངག་དབང་འབྱོར་ལྡན་མཆོག རྒྱུད་སྨད་མཁན་པོ་བཀྲ་ཤིས་ཚེ་རིང་མཆོག སེར་བྱེས་ཆོས་ལྡན་རིན་པོ་ཆེ་མཆོག ཕྱག་མཛོད་ཐུབ་བསྟན་ལེགས་སྨོན། སློབ་གཉེར་ཁང་དེའི་གཙུག་ལག་སློབ་དཔོན་ཨེསི་སི་ཤར་མ་ Prof S.C. Shama ལགས་དང་། སྐུ་ཞབས་པི་ས་དཱ་ཨཱ་ནན་ད་མེ་ཡ་ Dr. P. Sadananda Maiya ལགས། གཙུག་ལག་སློབ་དཔོན་སྐུ་ཞབས་ ཌི་ཤིབ་ལིངྒཱ་ཡཱ་Prof. D. Shivalingaiah ལགས། གཙུག་ལག་སློབ་དཔོན་སྐུ་ཞབས་ཨེ་ཆི་པི་ནཱག་ཨིན་དྲ་ Prof. H.P Nagandra ལགས། སྐུ་ཞབས་ཨ་པ་ཐུ་ཀ་ཐ་ཤི་ཝ་ཐཱ་ནུ་པིལ་ལེ་ Dr. Apathukatha Sivathanu pillai ལགས་བཅས་དང།
གཞན་ཡང་ཚོགས་ཁང་ནང་དུ་སློབ་གཉེར་ཁང་དེའི་དགེ་ལས་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༡༥༠༠ བརྒལ་བ་ལྷན་འཛོམས་ཀྱི་ཐོག་མར་དགེ་འདུན་བཞི་གྲས་ཤིས་བརྗོད་སྨོན་ལམ་གསུང་འདོན་རྗེས་ཏུམ་ཀུར་གཙུག་ལག་སློབ་དཔོན་དང་ཉེ་བའི་རིགས་བདག་སྐུ་ཞབས་པི་སི་ཤར་མ་མཆོག་གིས་ (Tumkur University Vice Chancellor P.C Sharma) བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ཕེབས་བསུའི་གསུང་བཤད་གཟབ་ཅིང་རྒྱས་པ་གནང་ཡོད། དེ་ནས་༸གོང་ས་མཆོག་དང་ཧིན་རྡུའི་བླ་ཆེན་མཆོག་གིས་མར་མེ་ཞལ་འབྱེད་མཛད་རྗེས་སེར་བྱེས་མཁས་སྙན་གྲྭ་ཚང་དང་ཏུམ་ཀུར་གཙུག་ལག་སློབ་གཉེར་ཁང་གཉིས་ཀྱི་དབུ་འཛིན་དབར་ཤེས་ཡོན་བརྗེ་ལེན་གྱི་ཡིག་ཆ་བརྗེ་ལེན་གནང་གྲུབ་བསྟུན། སེར་བྱེས་མཁན་རིན་པོ་ཆེ་མཆོག་གིས་ཏུམ་ཀུར་སློབ་གཉེར་ཁང་གི་དབུ་འཛིན་རྣམས་ལ་སྟོན་པ་གཙོ་འཁོར་གསུམ་གྱི་ཞལ་ཐང་རེར་ཕྱག་རྟགས་སུ་ཕུལ། དེ་རྗེས་༸གོང་ས་མཆོག་ལ་དམིགས་བསལ་སྐུ་མགྲོན་ཧི་རྡུའི་བླ་ཆེན་ཤི་ཝ་ཀུ་མཱ་རཱ་མ་ཧཱ་སྭ་མི་ཇི་ His Holiness Dr. Sree Sree Shivakumara Maha Swamiji མཆོག་གིས་སློབ་གཉེར་ཁང་དེའི་ཕུལ་བྱུང་གཙུག་ལག་སློབ་དཔོན་གྱི་ཕྱག་འཁྱེར་འབུལ་ལམ་ཞུས་ཐོག་མགོན་པོ་གང་ཉིད་མཆོག་གིས་འཛམ་གླིང་ཞི་བདེ་སྐྲུན་རྒྱུར་འགྲོ་བ་མིའི་ཐབས་ལམ་ Human Approach to world Peace ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ཕེབས་དོན།
དེ་རིང་གི་ལྷན་ཚོགས་དབུ་འབྱེད་བྱ་རྒྱུ་བྱུང་བར་ངོས་རང་ཧ་ཅང་དགའ་པོ་བྱུང། དེ་རིང་གཙུག་ལག་སློབ་གྲྭས་ངོས་ལ་ཕུལ་བྱུང་གཙུག་ལག་སློབ་དཔོན་གྱི་ལག་འཁྱེར་གནང་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཐོག་མར་ངོས་ཀྱིས་སྲོལ་རྒྱུན་རིག་གཞུང་གི་ཕྱུག་པའི་རྒྱ་གར་འཕགས་པའི་ཡུལ་གྱི་སྐོར་ལ་ཕྲན་བུ་བརྗོད་ན། རྒྱ་གར་འཕགས་པའི་ཡུལ་ནི་འཛམ་གླིང་ནང་སྤྱི་ཚོགས་དཔལ་ཡོན་ཧ་ཅང་ཕྱུག་པའི་འཛམ་གླིང་རྒྱལ་ཁབ་འགའ་ཤས་ཡོད་པའི་གྲས་ནས་གཅིག་ཆགས་ཡོད། འཚེ་བ་མེད་པ་དང་ཞི་བ་ནི་ཡུལ་འདིའི་སྲོལ་རྒྱུན་རིག་གཞུང་ཞིག་ཆགས་ཡོད་པ་མ་ཟད། དངོས་པོའི་གནས་ལུགས་ལ་དཔྱད་པ་བྱ་རྒྱུའི་སྲོལ་རྒྱུན་གྱི་རིག་པའི་གཞུང་ལུགས་ཧ་ཅང་ཚད་ཐོན་པོར་སོན་ཐུབ་ཡོད། འཚེ་བ་མེད་པའི་ཉམས་ལེན་ནི་རྒྱ་གར་ནང་ཆོས་ལུགས་འདྲ་མིན་ལ་བཟོད་སྲན་དང་གུས་བརྩི་ཞུ་རྒྱུའི་ལམ་སྲོལ་རྒྱུན་ཁྱོང་བྱེད་བཞིན་པ་དེས་མཚོན་ཐུབ། རྒྱ་གར་གྱི་གདོད་མའི་ཆོས་ལུགས་ལ་ཆ་མཚོན་ན་གྲངས་ཅན་པ་ Samkhya དང་གཅེར་བུ་བ། Jainism ནང་པ་སངས་རྒྱས་པ། Buddhism ཕྱིས་སུ་སིཀ་ Sikhism ཆོས་ལུགས་དར་བ་དང། དེ་བཞིན་ཕྱི་ཕྱོགས་ནས་ཡི་ཤུ་ Christianity དང་ཁ་ཆེའི་ Islam ཆོས་ལུགས། ཇིའུ་ཆོས་ལུགས། Judaism ཛོ་ར་སི་ཊི་རན་ Zoroastrianism ཆོས་ལུགས་སོགས་དར་འཕེལ་བྱུང་བ་ཙམ་མ་ཟད། ཆོས་ལུགས་དེ་དག་འཆམ་མཐུན་ཐོག་མཉམ་གནས་བྱས་དང་བྱེད་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་གྲུབ་བསྟུན། སློབ་ཕྲུག་ཁག་གཅིག་གིས་དྲི་བར་བཀའ་ལན་སྩལ་གྲུབ་བསྟུན། སྐུ་ཞབས་ཨ་པ་ཐ་ཀ་ཐུ་ Dr. Apathakathu Sivathnu Pillai ལགས་ཀྱིས་ཐུགས་རྗེ་ཆེའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་བ་བཅས།།