༢༠༡༢ ཟླ་ ༡༡ ཚེས་ ༢༧ རེས་གཟའ་མིག་དམར།
༄༅། །བོད་ནང་རྒྱ་ནག་གཞུང་གིས་དམ་བསྒྲགས་ཅན་གྱི་སྲིད་བྱུས་འཛིན་བཞིན་པར་ཕྱི་ལོ་ ༢༠༠༩ ལོ་ནས་ད་བར་བོད་མི་སེར་སྐྱ་ ༨༣ གྱིས་རང་ལུས་མེར་བསྲེགས་གནང་སྟེ་༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས། བོད་མིའི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་སྲུང་སྐྱོབ་དགོས་ཞེས་ཚོར་ཤུགས་ཆེན་པོས་དགོས་འདུན་དང་བཅས་ཞི་རྒོོལ་གནང་དང་གནང་བཞིན་པ་ད་ཆ་ཆེས་ཛ་དྲག་གི་གནས་སྟངས་སུ་འགྲོ་བཞིན་པར་བརྟེན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་ ༢ བཞུགས་སྒར་རྡ་རམ་ས་ལར་བསྐོང་ཚོགས་གནང་བའི་ཚོགས་ཆེན་གྱི་རྒྱབ་གཉེར་སྙན་ཐོའི་བརྗོད་གཞི་དང་པོའི་དོན་ཚན་ ༡༣ གྱི་དགོངས་དོན་ལྟར། ཁོང་རྣམ་པའི་རྒྱལ་གཅེས་བློས་བཏང་གི་བྱ་གཞག་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་རྒྱ་བལ་འབྲུག་གསུམ་དང་། དེ་མིན་ཕྱིའི་རྒྱལ་ཁབ་གང་སར་གཞུང་མང་གཉིས་ཕྱོགས་ནས་ཛ་དྲག་གི་ལས་འགུལ་འདྲ་མིན་སྤེལ་གལ་ལ་བརྟེན་བོད་མིའི་སྒྲིག་འཛུགས་ངོས་ནས་ལས་འགུལ་ཇི་ལྟར་སྤེལ་རུང་འཚེ་བ་མེད་པ། ཡུལ་ཁྲིམས་དང་མཐུན་པ། ཆེ་མཐོང་ལྡན་པ་བཅས་ཀྱི་ཐོག་ནས་སྤེལ་དགོས་རྒྱུའི་ལངས་ཕྱོགས་བཟུང་སྟེ་སྤེལ་དང་སྤེལ་བཞིན་པ་ལྟར་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་དང་། སྤྱི་སྒེར་སུ་རུང་ནས་བོད་དོན་དང་འབྲེལ་བའི་ལས་འགུལ་ཇི་འདྲ་ཞིག་སྤེལ་རུང་གོང་གསལ་ལངས་ཕྱོགས་དང་མི་འགལ་བའི་ངང་སྤེལ་གལ་ཆེ་བའི་འབོད་སྐུལ་གསལ་བསྒྲགས་སུ། བཀའ་སྤྱི་ཐུན་མོང་ནས་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༡༡ པའི་ཚེས་ ༢༦ ལ།།