༢༠༡༢ ཟླ་ ༡༡ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེའི་ཀོ་ཆིའི་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཡི་ཤུའི་ལྷ་ཁང་མ་ལན་ཀ་ར་ཨོར་ཐོ་ཌོག་སི་སི་རི་ཡན་ལྷ་ཁང་ Malankara Orthodox Syrian Church ཞེས་པ་དེ་བཞེངས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་ཆེད་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བཀའ་དྲིན་ཆེ་བསྐྱངས་ཡོད། དེ་རྗེས་ས་གནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ Friends of Tibet ཚོགས་གཙོ་སྐུ་ཞབས་སེ་ཐུ་ད་སི་ Sethu Das ལགས་ཀྱིས་༸གོང་ས་མཆོག་འགྲེམས་སྟོན་ཁང་ཞིག་ཡོད་པ་དེར་གདན་ཞུས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད
འགྲེམས་སྟོན་ཁང་དེའི་ནང་བོད་དོན་དང་འབྲེལ་བའི་པར་རིགས་དང་བོད་ཀྱི་རིག་གཞུང་དང་འབྲེལ་བའི་དངོས་རྫས་ཁག་གཅིག་ཡོད་པ་རྣམས་སྤྱན་བསྟར་ཞུས། དེ་ནས་༸གོང་ས་མཆོག་གིས་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་ཁུལ་དེར་བོད་སྨན་བསྟེན་བཏུགས་བྱེད་མཁན་རྒྱ་གར་ནད་པ་ཁག་གཅིག་བཅས་བཅར་ཡོད་པ་རྣམས་ལ་བཀའ་སློབ་སྩལ་ཡོད།
དེ་ཡང་སྐབས་དེར་ཐོག་མར་སྐུ་ཞབས་སེ་ཐུ་ད་སི་ལགས་ཀྱིས་༸གོང་ས་མཆོག་ལ་ཕེབས་བསུའི་གསུང་བཤད་གནང་བསྟུན། མགོན་པོ་གང་ཉིད་མཆོག་གིས་ཁུལ་དེར་བོད་ཀྱི་གསོ་བ་རིག་པའི་སྨན་གཅོད་ལྟ་སྐྱོང་ལས་གཞིར་བསྔགས་བརྗོད་དང་དེ་མིན་བཀའ་སློབ་སྩལ་དོན། བོད་ཀྱི་རིག་གཞུང་དེ་བཞིན་འཚེ་བ་མེད་པ་དང་བྱམས་བརྩེར་གཞི་བཅོལ་བའི་རིག་གཞུང་ཞིག་ཡིན་པ་དང་གཞི་རྩའི་མགོན་པོ་གང་ཉིད་མཆོག་ཀྱང་བོད་སྨན་བསྟེན་བཞིན་ཡོད་སྐོར་སོགས་བཀའ་སློབ་སྩལ་བ་མ་ཟད། འཚེ་བ་མེད་པ་དང་བྱམས་བརྩེར་གཞི་བཅོལ་བའི་བོད་ཀྱི་རིག་གཞུང་དེ་བཞིན་སེམས་ཞི་བདེ་ཡོང་རྒྱུའི་སྨན་ལྟ་བུ་ཡིན་ཡང་བློ་ཕམ་པ་ཞིག་ལ་དེང་སྐབས་བོད་ནང་དུ་རྒྱ་ནག་དམར་པོའི་དཔོན་རིགས་བློ་བུག་དོག་པོ་དེ་དག་གིས་དྲག་པོའི་ནུས་ཤུགས་ཁོ་ན་ལས་ཞི་བདེའི་སྟོབས་ཤུགས་ལ་ངོས་འཛིན་ནམ་ཡང་བྱེད་ཀྱི་མེད། ཅེས་བཀའ་སློབ་སྩལ་བ་མ་ཟད། བོད་བརྒྱུད་ནང་བསྟན་ཐོག་བཀའ་སློབ་སྩལ་དོན། ནང་ཆོས་ལྟ་བུར་ཆ་མཚོན་ན། ནང་ཆོས་ལ་སློབ་གཉེར་བྱེད་དགོས་ཚེ་དེང་སྐབས་བོད་བརྒྱུད་ནང་བསྟན་དེ་བཞིན་ཕྱུག་ཤོས་ཆགས་ཡོད་པར་བརྟེན། འཛམ་གླིང་གི་གཅེས་ནོར་རེད། ཅེས་བརྗོད་ཆོག ཅེས་བཀའ་སློབ་ཕེབས་ཡོད།
ཕྱོགས་མཚུངས་བོད་ནང་དུ་བོད་མི་རྣམས་དེང་སྐབས་རྒྱ་ནག་གིས་དམ་བསྒྲགས་འོག་དཀའ་ངལ་ཧ་ཅང་འཕྲད་བཞིན་ཡོད་སྐོར་བཀའ་སློབ་སྩལ་དོན། རྒྱ་ནག་རྒྱལ་ནང་གི་བདེ་འཇགས་སྲུང་སྐྱོབ་ཀྱི་འགྲོ་སོང་དེ་བཞིན་རྒྱལ་མཚམས་ཀྱི་འགྲོ་སོང་ལས་ཀྱང་ཆེ་བ་གཏོང་བཞིན་ཡོད་པ་དང་དབུ་མའི་ལམ་གྱི་ཐབས་ལམ་རྒྱུན་འཛིན་བྱས་པ་དེས་བོད་ཀྱི་བྱུང་རབས་བློས་གཏོང་བྱས་པ་ཞིག་རྩ་བ་ནས་མིན་པ། བོད་མིའི་སྤྱི་ཚོགས་ཀྱི་དཔལ་ཡོན་དར་ཚུལ་དེ་རྒྱ་ནག་དང་ཧ་ཅང་ཐ་དད་ཡིན་པ་དེ་སྔ་ཕྱི་ལོ་ ༡༩༧༩ ལོར་རྒྱ་རིགས་ས་ཁམས་རིག་པ་བ་ཞིག་གིས་༸གོང་ས་མཆོག་ལ་ཞུས་ཡོད་སྐོར་ཐུགས་དྲན་གསོ་མཛད། ཕྱོགས་མཚུངས་བོད་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་རྒྱ་གར་རང་གི་ཁེ་ཕན་ཡང་ཡིན། དེར་བརྟེན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་ཆེད་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེ་མུ་མཐུད་གནང་བར་བསྔགས་བརྗོད་ཀྱང་མཛད་ཡོད་པ་བཅས།།