༢༠༡༢ ཟླ་ ༡༡ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་སྨོག་རུ་བསྟན་པ་ལགས་ཀྱིས་གནང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༦ རེས་གཟའ་ཟླ་བ་སྟེ་དེ་རིང་ཞོགས་པ་བོད་ནང་གི་ཆུ་ཚོད་ ༦ པ་ཙམ་ནས་འགོ་འཛུགས་ཀྱིས་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་བརྡལ་གྱི་མངའ་ཁོངས་སུ་ཡོད་པའི་གསོ་རིག་སློབ་གླིང་གི་སློབ་མ་ཚོས་རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གྱིས་མཚོ་ལྷོ་རྫོང་བསྐོར་ནས་ཁྲོམ་བསྐོར་བྱས་འདུག གནས་ཚུལ་ཡོང་ཁུངས་ཀྱིས་བརྗོད་དོན་ལྟར་ན།
ཞི་རྒོལ་དུ་ཞུགས་པའི་སློབ་ཕྲུག་གྲངས་ཆིག་སྟོང་ལྷག་གིས་མི་རིགས་འདྲ་མཉམ་དང་། རང་དབང་། སྲིད་གཞུང་བསྐྱར་འཛུགས་སོགས་འབོད་སྒྲ་མང་པོ་ཞིག་བསྒྲགས་ཡོད་པ་དང་། ཆུ་ཚོད་གཉིས་ཙམ་གྱིས་རྗེས་སུ་རྒྱ་གཞུང་དྲག་ཆས་དམག་དཔུང་གིས་ཞི་རྒོལ་བ་རྣམས་བཀག་འགོག་བྱས་འདུག་པ་མ་ཟད། གང་བྱུང་དྲག་བརྡུང་བྱས་ཏེ་སློབ་མ་བཅུ་གྲངས་ཤིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་ཁུལ་དེའི་མི་མང་སྨན་ཁང་དུ་བསྐྱལ་ཡོད་འདུག
ད་ལྟའི་ཆར་སློབ་གྲྭ་ཡོངས་སུ་དྲག་པོའི་དམག་གིས་བསྐོར་ཏེ་མི་མང་ཚོས་སློབ་གྲྭ་དང་། སློབ་ཕྲུག་ཚོར་འབྲེལ་བ་བྱེད་ཐུབ་ཀྱི་མེད་པ་མ་ཟད་ཆབ་ཆ་སོགས་སུ་འབྲེལ་བ་བྱེད་པའི་བརྒྱུད་ལམ་ཡང་བཀག་འགོག་བྱས་པའི་གནས་ཚུལ་ཐོན་འདུག །