༢༠༡༢ ཟླ་ ༡༡ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་རྒྱ་གར་ལྷོ་ཕྱོགས་ཀེ་རེ་ལ་མངའ་སྡེའི་རྒྱལ་ས་ཐི་རུ་ཝ་ནན་ཐམ་པུ་རམ་ (Thiruvananthapuram) གྱི་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་ཆོས་དཔོན་རྣམས་ཀྱི་སྐུ་ཚབ་ཁོངས་སུ་ཤི་རི་ན་རཱ་ཡན་དྷར་མ་སང་གམ་དགེ་རྩ་ཚོགས་པའི་ (Sree Narayana Dharma Sangham Trust) དྲུང་ཆེ་སྐུ་ཞབས་རི་ཐམ་བྷཱར་ཨ་ནྣན་དཱ་ (Bh. Shree Rithambharananda Swamikal)ལགས་དང། ཤི་ཝ་གྷི་རི་དགོན་པ་ནས་སཝཱ་མི་གུ་རུ་པ་རཱ་སཱད་ (Swami Guruprasad) ལགས། ཡི་ཤུའི་ཆོས་ལུགས་ཀྱི་གེབ་རིལ་མར་གྷི་རི་གོ་རི་ཨོ་སི་(Dr Gabriel Mar Gregorios) ལགས། ཨེམ་ཨེ་ལེ་ཛེན་ཌར་ཝེ་ཌ་ཡན་(Rev. Fr. M. Alexander Vaidyan) ལགས། ཇ་ཀོབ་ཇོན་(Prof. Jacob John)ལགས། བྷ་བུ་པ་ར་ཡིལ་ (Mr Babu Parayil) ལགས། དེ་སྔའི་མངའ་སྡེ་གྲོས་ཚོགས་ཀྱི་འཐུས་མི་ཇོ་སེབ་ཨེམ་པུ་དྷི་ཤར་ (Mr Joseph M Pudhiser) ལགས་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་རྗེས་༸གོང་ས་མཆོག་གིས་བཞུགས་གནས་མགྲོན་ཁང་དུ་ཀེ་རེ་ལ་མངའ་སྡེའི་འཕྲོད་བསྟེན་དང་། ཁྱིམ་ཚང་བདེ་དོན། དེ་བཞིན་ལྷ་ཁང་བཅས་ཀྱི་བློན་ཆེན་སྐུ་ཞབས་ཝི་ཨེས་ཤི་ཝ་ཀུ་མཱར་ Mr V. S. Sivakumar མཆོག་དང་ལྷན་མཇལ་འཕྲད་གནང་ཡོད་པ་དང། སྐབས་དེར་བློན་ཆེན་མཆོག་གིས་ཀེ་རེ་ལ་མངའ་སྡེའི་གཞུང་གི་ཚབ་ཞུས་ཏེ་མགོན་པོ་གང་ཉིད་མཆོག་ལ་ཕྱག་རྟགས་ཤིག་འབུལ་ལམ་ཞུས་ཡོད་པ་མ་ཟད། ཁོང་གིས་༸གོང་ས་མཆོག་ལ་ཝི་ཝེཀ་ཨ་ནྣན་དཱ་ལགས་འཁྲུངས་ཏེ་ལོ་ངོ་ ༡༥༠ འཁོར་བའི་འཁྲུངས་སྐར་དུས་དྲན་སྲུང་བརྩི་ཞུ་རྒྱུའི་ཆ་ཤས་སུ་མཚོན་རྟགས་ (Logo) ཤིག་དབུ་འབྱེད་མཛད་རྒྱུའི་གསོལ་འདེབས་ཀྱང་ཞུས་ཡོད་པ་བཅས།།