༢༠༡༢ ཟླ་ ༡༡ ཚེས་ ༣ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་གི་རྒྱལ་ས་ཊོཀ་ཁྱོའི་ན་རི་ཏ་རྒྱལ་སྤྱིའི་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས། ཉི་ཧོང་སྐུ་ཚབ་དོན་གཅོད་ལྷག་པ་འཚོ་སྒོ་ལགས་ཀྱིས་གཙོས་ས་གནས་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་གནམ་ཐང་ནས་བཞུགས་གནས་མགྲོན་ཁང་ཨིན་ཊར་ཀོན་ཊི་ནན་ཊེལ་ Intercontinental Hotel ཞེས་པ་༸ཞབས་སོར་འཁོད་བསྟུན། ཀོ་ཡ་སན་ནང་པའི་དགོན་པའི་ Koyasan monastery མཁན་རིན་པོ་ཆེ་སྐུ་ཞབས་ཡུ་ཀི་མ་སུ་ན་ག་ Ven. Yukei Matsunaga མཆོག་གིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་ཡང་སྐབས་དེར་སྐུ་ཚབ་དོན་གཅོད་ལྷག་པ་འཚོ་སྒོ་ལགས་ཀྱིས་༸གོང་ས་མཆོག་གིས་ཉི་ཧོང་ཁུལ་དུ་ཕྱི་ཟླ་ ༡༡ ཚེས་ ༣ ནས་ཚེས་ ༡༣ བར་ཉིན་གྲངས་བཅུའི་རིང་བསྐྱང་རྒྱུའི་མཛད་འཆར་སྐོར་གསུང་དོན། ཐེངས་འདིར་༸གོང་ས་མཆོག་གིས་ཉི་ཧོང་ནང་མཛད་འཕྲིན་གཙོ་བོ་རྣམས་ནི་མང་ཚོགས་ལ་བཀའ་སློབ་དང། ཚན་རིག་པ་ཁག་གཅིག་དང་ལྷན་བགྲོ་གླེང་མཛད་རྒྱུ། གསར་འགོད་ལྷན་ཚོགས་སུ་བཀའ་སློབ་སྩལ་རྒྱུ་དང། ཕྱི་ཚེས་ ༤ ཉིན་ཡོ་ཀོ་ཧ་མའི་ཚོགས་ཁང་དུ་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་སྩལ་རྒྱུ་མ་ཟད། སེམས་བཟང་དུ་གཏང་སྟེ་སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་ཐབས་ཆེད་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་ཡིན། ཞེས་གསུངས་ཡོད་པ་བཅས།།