༢༠༡༢ ཟླ་ ༡༡ ཚེས་ ༣ རེས་གཟའ་སྤེན་པ།
༄༅། །རྒྱ་ནག་གཞུང་གིས་བོད་མིའི་ཐོག་མི་ཆོས་ལས་འདས་པའི་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པར་བརྟེན། ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༥ ཉིན་སྐྱེས་ཡུལ་ཁམས་འབྲི་རུ་ནག་རོག་ཕམ་པ་གྲོང་ཚོ་ནས་ཡིན་པ་རང་ལོ་ ༢༠ ལ་སོན་པའི་རྒྱལ་གཅེས་པ་ཚེ་སྤོ་ལགས་དང་། རང་ལོ་ ༢༥ ལ་སོན་པའི་རྒྱལ་གཅེས་པ་བསྟན་འཛིན་ལགས། དེ་བཞིན་ཕྱི་ཚེས་ ༢༦ ཉིན་མདོ་སྨད་བླ་བྲང་བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོ་སྐེད་སྡེ་པ་ནས་ཡིན་པ་རང་ལོ་ ༢༤ ལ་སོན་པའི་རྒྱལ་གཅེས་པ་ལྷ་མོ་ཚེ་བརྟན་ལགས་དང་མདོ་སྨད་བླ་བྲང་བསང་ཆུ་རྫོང་བསང་ཁོག་ཞང་ནས་ཡིན་པ་རང་ལོ་ ༢༣ ལ་སོན་པའི་རྒྱལ་གཅེས་པ་ཐུབ་དབང་སྐྱབས་ལགས་བཅས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་ཆེད་བོད་ལ་རང་དབང་དགོས། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ཅེས་སྐད་འབོད་གནང་བ་དང་ལྷན་རང་ལུས་མེར་སྲེག་བཏང་སྟེ་བསྟན་འཛིན་ལགས་མ་གཏོགས་ཁོང་རྣམ་པ་གསུམ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་སྟབས། བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢ ཉིན་རྒྱབ་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་མཆོད་འབུལ་སྨོན་ལམ་སྐབས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མཆོད་འབུལ་དང་འབྲེལ་བའི་གསུང་བཤད་གནང་དོན། མཁན་ཟུར་བྱ་དོར་རིན་པོ་ཆེ་མཆོག་གིས་གཙོས་སྐྱབས་གནས་དགེ་འདུན་གྱི་སྡེ། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། མི་མང་རྣམ་པ། སློབ་ཕྲུག་རྣམ་པ་ཚང་མས་དེ་རིང་འདི་གར་འཛོམས་དགོས་དོན་ཤེས་གསལ་རེད།
ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༥ ཉིན་ནག་ཆུ་འབྲི་རུ་རྫོང་ནག་རོག་ཕམ་པ་གྲོང་ཚོ་ནས་ཡིན་པ་རང་ལོ་ ༢༠ ལ་སོན་པའི་རྒྱལ་གཅེས་པ་ཚེ་སྤོ་ལགས་དང་རང་ལོ་ ༢༥ ལ་སོན་པའི་རྒྱལ་གཅེས་པ་བསྟན་འཛིན་ལགས་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་བའི་ཁྲོད་ཚེ་སྤོ་ལགས་འདས་གྲོངས་སུ་གྱུར་བ་དང་བསྟན་འཛིན་ལགས་ཀྱི་གནས་སྟངས་གར་སོང་ཆ་མེད་དུ་གྱུར་ཡོད། དེ་བཞིན་ཕྱི་ཚེས་ ༢༦ ཉིན་མདོ་སྨད་བླ་བྲང་བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོ་ནས་ཡིན་པ་རང་ལོ་ ༢༤ ལ་སོན་པའི་རྒྱལ་གཅེས་པ་ལྷ་མོ་ཚེ་བརྟན་ལགས་དང་མདོ་སྨད་བླ་བྲང་བསང་ཆུ་རྫོང་ནས་ཡིན་པ་རང་ལོ་ ༢༣ ལ་སོན་པའི་རྒྱལ་གཅེས་པ་ཐུབ་དབང་སྐྱབས་ལགས་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད། ང་ཚོས་ཤེས་རྟོག་བྱུང་བ་ལྟར་ན། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་བོད་མི་གྲངས་ ༦༢ གིས་རང་ལུས་མེར་སྲེག་བཏང་བའི་ཁྲོད་ནས་ ༥༡ འདས་གྲོངས་སུ་གྱུར་ཡོད། ཉེ་ཆར་ཨི་ཊ་ལིའི་མངའ་སྡེ་(Turin) ཊུ་རན་ལ་བཅར་ཏེ་སྔ་དྲོ་ཆུ་ཚོད་ ༡༡ པའི་ཐོག་གསར་འགོད་པ་རྣམ་པ་དང་ཐུག་སྐབས་ཕྱི་ལོ་ ༢༠༠༩ ནས་དེ་རིང་བར་རང་ལུས་སྲེག་གཏོང་མཁན་ ༥༨ བྱུང་ཡོད། ཅེས་བརྗོད་རྗེས་ཊུ་རན་གྲོས་ཚོགས་ཀྱི་ཚོགས་གཙོས་དབུས་འཐུས་མི་མང་དག་ཅིག་གིས་གྲོས་ཚོགས་ལ་ཕེབས་ནས་ཁོང་རང་ཚོར་བོད་དོན་སྐོར་ཤོད་རོགས་ཞེས་བརྗོད་བྱུང་། གསར་འགོད་པ་ཚོར་ཐུག་སྟེ་གྲོས་ཚོགས་ལ་བཅར་བའི་དབར་སྐར་མ་ལྔ་ལས་ཁྱད་པར་མེད། དེའི་བར་དེར་སླར་ཡང་བོད་མི་གཅིག་གིས་རང་ལུས་མེར་སྲེག་བཏང་འདུག ཅེས་བརྗོད་པ་ཡིན། བོད་ནང་ཛ་དྲག་གི་གནས་སྟངས་ཡིན་པ་མ་ཟད། རྒྱ་ནག་གཞུང་གི་མཁྲེགས་འཛིན་གྱི་སྲིད་བྱུས་འོག་བོད་མི་མང་དག་ཅིག་གིས་རང་སྲོག་བློས་གཏོང་གནང་གི་ཡོད།
ཉེ་ཆར་བདུན་ཕྲག་གཅིག་ནང་ལ་བོད་མི་བདུན་གྱིས་རང་ལུས་མེར་སྲེག་བཏང་བ་དེ་ལྟ་བུའི་ཛ་དྲག་གི་གནས་སྟངས་ཆགས་ཡོད་པ་ཚང་མས་ཤེས་གསལ་རེད། འོན་ཀྱང་རྒྱལ་སྤྱིའི་ཐོག་ང་ཚོའི་འདོད་པར་ཡོད་པ་གཞིར་བཟུང་གསར་འགྱུར་བརྒྱུད་ལམ་ཁག་ནང་ཁྱབ་བསྒྲགས་འགྲོ་ཐུབ་ཀྱི་མེད་ཀྱང་གསར་འགྱུར་བརྒྱུད་ལམ་ཁག་དང་གཞུང་འབྲེལ་མི་སྣ། དེ་བཞིན་གནད་ཡོད་མི་སྣ་མང་དག་ཅིག་གིས་བོད་ཀྱི་གནས་སྟངས་ཛ་དྲག་ཡིན་པ་དང་རང་ལུས་མེར་སྲེག་གཏོང་མཁན་མང་དུ་འགྲོ་གི་ཡོད་པའི་ཐོག་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་སྟོན་གྱི་འདུག དཔེར་ན། ཉེ་ཆར་པེ་ཅིང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་པས་བོད་མདོ་སྨད་རྔ་པ་ཁུལ་དུ་ཕེབས་ཏེ་བོད་མི་དང་ཐུག་ནས་དངོས་ཡོད་གནས་སྟངས་རྟོགས་པ་མ་ཟད། དམིགས་བསལ་ཁོང་གིས། ཁོང་རང་བོད་ཀྱི་ས་ཆར་སླེབས་སྐབས་བོད་མིར་རིག་གཞུང་དང་གོམས་གཤིས་མི་འདྲ་བ་ལེགས་པོ་ཞིག་ཡོད་པའི་ཚོར་བ་ཤུགས་ཆེན་པོ་བྱུང་། བོད་ནང་གི་བོད་མིས་རང་ལུས་མེར་སྲེག་བཏང་དང་གཏོང་མུས་ཡིན་པའི་གནས་ཚུལ་དེར་བློ་འཚབ་བྱེད་དགོས་པ་ཞིག་རེད་འདུག གནད་དོན་དེའི་ཐོག་རྒྱ་ནག་གཞུང་ནས་བོད་པའི་འགོ་ཁྲིད་དང་ལྷན་མཇལ་འཕྲད་ཀྱིས་བཀའ་མོལ་གནང་སྟེ་གནད་དོན་སེལ་ཐབས་བྱེད་དགོས། ཞེས་ཤུགས་ཆེན་པོའི་སྒོ་ནས་གསུངས་ཡོད་པ་དེ་དག་གསར་འགྱུར་བརྒྱུད་ལམ་ཁག་ནང་གང་ཙམ་ཁྱབ་བསྒྲགས་བྱུང་ཡོད། དམིགས་བསལ་ཡུ་རོབ་ཀྱིས་གཙོས་གཞུང་དང་མི་སྣ་མང་པོ་ཞིག་ལ་དོ་སྣང་ཆེན་པོ་བྱུང་འདུག གང་ལ་ཞེ་ན། རྒྱ་ནག་ཏུ་ཡོད་པའི་རྒྱལ་ཁབ་གཅིག་གི་སྐུ་ཚབ་དངོས་སུ་བོད་ཀྱི་ས་ཆར་ཕེབས་ཏེ་དངོས་ཡོད་གནས་ཚུལ་རྟོགས་པ་དེ་དུས་རྒྱུན་དུ་ང་ཚོས་ཤོད་བཞིན་པའི་བོད་ནང་མཁྲེགས་འཛིན་གྱི་སྲིད་བྱུས་འོག་བོད་མི་སྡུག་པོ་མྱངས་དང་མྱོང་བཞིན་ཡོད་པར་བརྟེན། རང་ལུས་མེར་སྲེག་བཏང་སྟེ་ཞི་རྒོལ་བྱེད་ཀྱི་ཡོད་པ་རེད། ཅེས་པ་དེས་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བཏོན་ཐུབ་པ་བྱུང་འདུག་ཅེས་ཞུ་རྒྱུ་ཡིན།
དེ་བཞིན་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས་བསམ་ཚུལ་གསུངས་ཡོད། ཁ་སང་རང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ལྕམ་སྐུ་ན་ཝི་པིལ་ལེ་(Navi Pillay) མཆོག་གིས་བོད་ནང་ཛ་དྲག་གནས་སྟངས་ཡོད་པ་མ་ཟད། བོད་ནང་གི་བོད་མི་ཚོས་དཀའ་ངལ་མྱོང་བཞིན་པ་དེ་དག་རྒྱ་ནག་གཞུང་ནས་ངེས་པར་དུ་སེལ་ཐབས་བྱེད་དགོས་རེད། ཅེས་ཚོར་ཤུགས་ཆེན་པོས་གསར་འགྱུར་བརྒྱུད་ལམ་ཁག་ནང་ཕྱིར་བསྒྲགས་གནང་ཡོད། དེ་དག་གིས་ག་རེ་བཏོན་གྱི་ཡོད་ཅེ་ན། རྒྱ་ནག་གཞུང་གིས་གནོན་ཤུགས་མང་པོ་སྤྲད་དེ་བོད་པའི་བདེན་པ་ནུས་མེད་དང་ཉམས་གུད་གཏོང་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད་ཀྱང། བོད་པར་བདེན་པ་ཡོད་པར་བརྟེན་བོད་ནང་གི་བོད་མིར་དངོས་ཡོད་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པའི་དཔང་རྟགས་སུ་ཨ་རིའི་སྐུ་ཚབ་དང། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་རྣམ་པས་བོད་མིར་རྒྱབ་སྐྱོར་གནང་བ་དེས་ཧ་ཅང་གསལ་པོ་རེད། ཉེ་ཆར་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ཨ་རིའི་ཊེམ་སི་ཞེས་པའི་དུས་དེབ་(Times Megazine) དང། ཝ་ཤིང་ཊོན་པོ་སི་ཊི།(Washington Post) ཕ་རན་སིའི་གསར་ཤོག་ལ་མོན་ཌི་(La Monde) བཅས་ཀྱི་གསར་འགོད་པས་དངོས་སུ་བཀའ་འདྲི་གནང་བར་ང་ཚོས་ལན་འདེབས་ཆ་ཚང་ཞུས་པའི་གནས་ཚུལ་རྣམས་ཁྱབ་བསྒྲགས་ཐུབ་པ་བྱུང་སོང་། ཞེས་ཞུ་རྒྱུ་ཡིན།
དེ་བཞིན་གནས་ཚུལ་གཞན་ཞིག་ཉེ་ཆར་ཨ་རི་དང་ཡུ་རོབ། ལྡི་ལི་བཅས་ཀྱི་ནང་རྡ་ས་དང་འབྲེལ་བ་ཡོད་པའི་གནས་ཚུལ་ག་རེ་གསུངས་ཀྱི་འདུག་ཞུས་ན། ཉེ་ཆར་རྡ་སར་བཅར་སྐབས་མི་མང་ནས་ཐུགས་ཁུར་ཆེན་པོས་མཆོད་འབུལ་སྨོན་ལམ་དང་ལས་འགུལ་སོགས་ལ་མཉམ་ཞུགས་བྱས་ཏེ་ཚོར་བ་ཤུགས་ཆེན་བཏོན་གྱི་འདུག་པས། ཧ་ཅང་ཡག་པོ་རེད། ཅེས་གསུང་མཁན་མང་པོ་བྱུང། མཐའ་དོན་གོང་གསལ་འདས་གྲོངས་སུ་གྱུར་མཁན་རྣམས་ཀྱིས་གཙོས་ཁོང་ཚོའི་ནང་མི་དང་གཉེན་ཉེ། དེ་བཞིན་ང་ཚོའི་དོན་གྱི་བདག་པོ་བོད་ནང་ཡོད་པའི་བོད་མི་དཔའ་པོ་དཔའ་མོ་རྣམས་རྒྱ་ནག་མཁྲེགས་འཛིན་གྱི་སྲིད་བྱུས་འོག་དཀའ་སྡུག་མྱངས་དང་མྱོང་བཞིན་ཡོད། ད་བར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་ཡོངས་ཀྱི་ཆེད་ཚང་མས་ཐུགས་སྨོན་གནང་གི་ཡོད་པ་རེད། ད་དུང་ཡང་གནང་རོགས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་ཞེས་གསུང་བཤད་གནང་ཡོད་པ་བཅས། །