༢༠༡༢ ཟླ་ ༡༡ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢ རེས་གཟའ་པ་སངས་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དུ་ཆིབས་སྒྱུར་བསྐྱངས་ཆེད་ལྡི་ལིར་༸ཞབས་སོར་འཁོད་བསྟུན། རྒྱ་གར་གྱི་ཉིན་རེའི་གསར་ཤོག་ཧིན་དུ་སི་ཐན་དུས་བབ་ (Hindustan Times) ཞེས་པའི་གསར་འགོད་པའི་དྲི་བར་བཀའ་ལན་སྩོལ་སྐབས། རྒྱ་གར་གཞུང་གིས་རྒྱ་ནག་ཐོག་ལངས་ཕྱོགས་སྔར་བས་ཤུགས་ཆེ་རུ་བཏང་ཡོད་སྐོར་བཀའ་ལན་སྩལ་དོན། དེ་སྔ་རྒྱ་གར་གཞུང་གིས་བོད་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་དང་འབྲེལ་བ་གནང་སྐབས་གཟབ་ནན་ཆེ་དྲགས་པའི་སྐྱོན་ཡོད་ཀྱང། དེང་སྐབས་སྲིད་བློན་མན་མོ་ཧན་སིངྒ་ (Manmohan Singh) མཆོག་གིས་དབུ་ཁྲིད་པའི་རྒྱ་གར་གཞུང་གིས་བོད་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་ལ་འབྲེལ་བ་བྱེད་སྐབས་དེ་སྔ་དང་བསྡུར་བ་ཡིན་ན། ལངས་ཕྱོགས་སྔར་བས་ཤུགས་ཆེ་རུ་འཛིན་བཞིན་པའི་རྣམ་པ་གསལ་པོ་མཐོང་བཞིན་འདུག ཅེས་བཀའ་ལན་སྩལ་བ་དང་སྦྲགས། མུ་མཐུད་བཀའ་ལན་སྩལ་དོན།
ངོས་ཀྱིས་དེ་སྔ་རྒྱ་གར་གཞུང་གིས་བོད་ཀྱི་གནད་དོན་ཐོག་རྒྱ་ནག་དང་འབྲེལ་བ་གནང་སྐབས་གཟབ་ནན་ཆེ་དྲགས་པའི་སྐྱོན་འདུག་ཅེས་བརྗོད་མྱོང་ཡོད། འོན་ཀྱང་ད་ཆ་ངོས་ཀྱིས་བསམ་ཚུལ་དེར་འགྱུར་བ་ཕྱིན་ཡོད། འགྱུར་བ་དེ་ཕྱི་ལོ་ ༢༠༠༩ ལོར་རྒྱ་གར་གཞུང་གིས་རྒྱ་ནག་གི་སྐྱོན་བརྗོད་བྱས་མིན་ལ་མ་ལྟོས་པར་ངོས་རང་རྒྱ་གར་བྱང་ཤར་རྟ་དབང་ཁུལ་དུ་འགྲོ་རྒྱུར་དམ་བསྒྲགས་གང་ཡང་མ་བྱས་པར་ཆོག་མཆན་གནང་བ་དང་། དཔེ་མཚོན་གཞན་ཞིག་སྔ་ལོའི་ཕྱི་ཟླ་ ༩ ནང་རྒྱ་ནག་གི་བདེ་སྲུང་བློན་ཆེན་སྐུ་ཞབས་ལི་ཡང་གུང་ལི་ (Liang Guanglie) རྒྱ་གར་དུ་འབྱོར་སྐབས། པ་ཀི་སི་ཐན་གྱིས་བཙན་འཛུལ་བྱས་པའི་ཀ་ཤི་མིར་ས་ཁུལ་ (PoK) དུ་རྒྱ་ནག་མི་དམངས་བཅིངས་བཀྲོལ་དམག་མི་མེད་ཚུལ་བཤད་ཡོད་ཀྱང། རྒྱ་གར་གྱི་དམག་དཔོན་མཆོག་གིས་སྐབས་དེར་ས་ཁུལ་དེའི་ནང་རྒྱ་ནག་མི་དམངས་བཅིངས་བཀྲོལ་དམག་མི་གྲངས་ ༤༠༠༠ ཡོད་སྐོར་ར་སྤྲོད་བྱས་ཡོད་ཅེས་སོགས་ཀྱི་བཀའ་ལན་སྩལ་བ་དང་ཆབས་ཅིག བོད་ནང་སྔར་བཞིན་ཞི་བདེ་བརྟན་ལྷིང་གི་གནས་སྟངས་ཆ་ཚང་བ་ཞིག་བསྐྱར་གསོ་ཐུབ་པ་ཁོ་ནའི་ཐོག་རྒྱ་དཀར་ནག་གཉིས་དབར་ཕན་ཚུན་ཡིད་ཆེས་ཆེ་རུ་གཏོང་ཐུབ་པ་བརྒྱུད། ཡུལ་གཉིས་དབར་འབྲེལ་ལམ་བཟང་པོ་ཞིག་བསྐྲུན་ཐུབ་རྒྱུ་ཡིན་པ་ལས་འཇིགས་སྣང་དང་དོགས་པ་རྣམ་རྟོག་འོག་ཡུལ་གཉིས་ཀྱིས་ས་མཚམས་ཀྱི་རྩོད་རྙོག་སེལ་ཐབས་མེད། ཅེས་བཀའ་ལན་སྩལ།
ཕྱོགས་མཚུངས་འདི་ཟླའི་ཚེས་ ༨ ཉིན་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ ༡༨ པ་ཚོགས་རྗེས་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོས་ཞི་ཅིན་ཕིང་ལ་སྲིད་དབང་རྩིས་སྤྲོད་ཀྱིས་འགོ་ཁྲིད་འཕོ་འགྱུར་འགྲོ་རྒྱུའི་གནད་དོན་ཐོག་གི་དྲི་བར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། རྒྱ་ནག་དམར་པོའི་འགོ་ཁྲིད་འཕོ་འགྱུར་འོག་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དེར་འགྱུར་བ་འགྲོ་མིན་ཐོག་ཤོད་རྒྱུ་ད་ལྟ་སྔ་དྲགས་པ་རེད། ང་ཚོས་ཏོག་ཙམ་ངང་སྒུག་བྱས་ནས་ལྟ་དགོས་པའི་གནས་སྟངས་ཤིག་ཡིན། ཞེས་བཀའ་ལན་སྩལ་ཡོད་པ་བཅས།།