ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །བོད་རྒྱལ་ལོ་ ༢༡༣༦ རབ་བྱུང་བཅུ་བདུན་པའི་བོད་ཟླ་ ༡ ཚེས་ ༡༠ ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༣ ཚེས་ ༦ ནས་ ༨ བར་ཉིན་གྲངས་གསུམ་རིང་ཆོས་ཚོགས་ཐེངས་བཅུ་པ་ཚུགས་གཏན་འཁེལ་ཡོད་པ་བཞིན། ཉིན་གཉིས་པའི་ཚོགས་ཐུན་དང་པོ་དེ་བཞིན་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་དབུ་འཛུགས་ཀྱིས་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དབུ་བཞུགས་ཐོག་ཆོས་ཚོགས་ཚོགས་ཀྱི་གྲོས་གཞི་དོན་ཚན་ལྔ་པ། དམ་སྲི་དོལ་རྒྱལ་སྐོར་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས། གདན་ས་གསུམ་བཅས་པའི་གྲོས་ཆོད་ནང་དོན་ལྟར་གདན་གསུམ་གཙོས་ཆོས་སྡེ་ཁག་ནས་རང་དོན་རང་གཅེས་ཀྱིས་དེང་ལེགས་ཕྱོགས་སུ་འགྲོ་བཞིན་ཡོད་ནའང་། སྤྱི་ཡོངས་ཀྱི་གནང་ཕྱོགས་དང་། ལྷག་པར་དུ་དོལ་རྒྱལ་ཕྱོགས་གཏོགས་པས་བོད་ཀྱི་ཆོས་སྲིད་ལ་འགལ་རྐྱེན་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཀྱི་བྱ་བ་སྣ་ཚོགས་སྤེལ་དང་སྤེལ་བཞིན་པར་བྱ་ཕྱོགས་ཇི་དགེའི་སྐོར་བཀའ་བསྡུར་གནང་སྐབས་དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ནས་གཙོ་སྐྱོང་གནང་།
ཚོགས་ཐུན་གཉིས་པའི་གྲོས་གཞི་དོན་ཚན་དྲུག་པ། བོད་ཀྱི་ཆོས་ལུགས་དང་ཆོས་བརྒྱུད་ཁག་གི་ཆོས་སྡེ་དང་། ཆོས་ཚོགས། གྲྭ་བཙུན་སྒེར་བཅས་ནས་སྤྱི་ཚོགས་ནང་ཆོས་འཆད་སྤེལ་གཙོས་རོགས་ཕན་གནང་ཕྱོགས་སྐོར་ལ་བཀའ་བསྡུར་གནང་སྐབས་སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག་གི་སྐུ་ཚབ་བླ་ཁྲི་མཁན་པོ་ཉི་མ་གྲགས་པ་རིན་པོ་ཆེས་གཙོ་སྐྱོང་གནང་། ཚོགས་ཐུན་གསུམ་པའི་གྲོས་གཞི་དོན་ཚན་བདུན་པ། བོད་ཀྱི་བླ་ཆེན་རྣམས་ཀྱི་དབུས་བླ་སྤྲུལ་མཁན་པོ་དགེ་བཤེས་སོགས་དགེ་འདུན་པ་ཡོངས་ནས་བོད་དོན་ཐོག་ཐུགས་ཁུར་སྔར་ལྷག་གནང་ཕྱོགས་སྐོར་བཀའ་བསྡུར་གནང་སྐབས་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་གི་སྐུ་ཚབ་མཁན་པོ་པདྨ་ཤེས་རབ་ནས་གཙོ་སྐྱོང་གནང་ཡོད་པ་རེད།
ཕྱེད་ཡོལ་ཚོགས་ཐུན་བཞི་པའི་གྲོས་གཞི་དོན་ཚན་བརྒྱད་པ། ཆོས་ཚོགས་ཐེངས་དགུ་པའི་གྲོས་ཆོད་ནང་གསལ་ཇོ་ནང་ཆོས་འབྱུང་ལོ་རྒྱུས་ཞིབ་འཇུག་ཚོགས་ཆུང་འཛུགས་རྒྱུར་མང་མོས་བྱུང་ཞིང་། ཚོགས་ཆུང་གི་ཚོགས་མིའི་ཐད་ཆོས་ལུགས་དང་ཆོས་བརྒྱུད་ཁག་གི་དབུ་ཁྲིད་རྣམ་པས་བསྐོ་གཞག་གནང་རྒྱུ་གསལ་ཡང་། ད་བར་ཚོགས་ཆུང་གི་ཚོགས་མི་ཆ་ཚང་བསྐོ་གཞག་གནང་ཐུབ་མེད་ན་དེའི་ཐད་མཛད་ཕྱོགས་ཇི་འགབ་སྐོར་བཀའ་བསྡུར་གནང་སྐབས་འབྲུག་ཆེན་རིན་པོ་ཆེ་མཆོག་གི་སྐུ་ཚབ་མཁན་པོ་འཇིགས་མེད་རྡོ་རྗེས་གཙོ་སྐྱོང་གནང་གྲུབ་རྗེས་ཕྱེད་ཡོལ་ཚོགས་ཐུན་ལྔ་པའི་གྲོས་གཞི་དོན་ཚན་དགུ་པ་གཞན་ཡང་གྲོས་གཞིར་མ་འཁོད་པའི་སྐབས་མཚམས་དགོངས་འཆར་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་འདུག ཆོས་ཚོགས་ཉིན་གཉིས་པའི་ཕྱི་དྲོའི་གཙོ་སྐྱོང་དཔལ་ལྡན་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་ནས་གནང་རྒྱུ་དང་། ཆོས་ཚོགས་ཐེངས་བཅུ་པའི་གྲོས་ཆོད་རག་ཟིན་ཐོག་བཀའ་བསྡུར་གནང་སྟེ་ཉིན་གཉིས་པའི་ཆོས་ཚོགས་ལེགས་པར་འགྲུབ་རྒྱུའི་གནས་བསྡུས་སུ།།