༢༠༡༢ ཟླ་ ༡༠ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །འདི་གར་ཀུན་ཕན་གླིང་གཞིས་ལས་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༥ ཉིན་ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཐོག་རྒྱ་གར་དབུས་གཞུང་གི་ཤེས་རིག་དྲུང་ཆེ་ལྕམ་ཨན་ཤུ་ཝེཤ་(Shrimati Anshu Vaish, Human Resource Development,Department of Education) ལགས་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་སྐབས་ས་གནས་འགོ་འཛིན་དང། ལས་བྱེད་པ་རྣམ་པ། ས་འཐུས་རྣམ་པ། རང་བདེན་ཚོགས་ཆུང་གི་འཐུས་མི་རྣམ་པ། ཟུར་སྐྱོང་སྡེ་ཚན་ཁག་གི་ཚོགས་གཙོ་དང་འཐུས་མི་རྣམ་པ། གཞིས་གྲོང་ཁག་གི་བརྒྱ་དཔོན། དེ་བཞིན་ཉིན་སློབ་ཀྱི་སློབ་ཕྲུག་རྣམ་པས་རྔ་རོལ་དང་བཅས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་ནས་ཆུ་ཚོད་ ༢།༠༠ ཐོག་གཞིས་ལས་ཁང་གི་ཚོགས་ཁང་ནང་ཐོག་མར་ས་གནས་འགོ་འཛིན་གྱིས་གཞིས་ཆགས་ངོ་སྤྲོད་དང་སྦྲགས་རྒྱ་གར་གཞུང་མང་གཉིས་ནས་བོད་མི་རྣམས་ལ་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། དེ་རྗེས་སློབ་ཕྲུག་རྣམས་ཀྱིས་གཞས་སྣ་འཁྲབ་སྟོན་གནང་གྲུབ་བསྟུན་ལྕམ་སྐུ་ལགས་ཀྱིས་དེ་སྔ་མན་སྤར་དང་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་གཟིགས་སྐོར་དུ་བསྐྱོད་སྐབས་ཀྱི་སེམས་ཚོར་ཇི་བྱུང་དང། གཞིས་ཆགས་འདིར་འབྱོར་སྐབས་བོད་མི་རྣམས་ཀྱིས་ཕེབས་བསུ་སྣེ་ལེན་ཡག་པོ་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། བོད་སློབ་འཛིན་ཚོགས་བཙུགས་ཏེ་ལོ་ ༥༠ འཁོར་བའི་མཛད་སྒོའི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་གྱི་གོ་སྐབས་དང་བཀའ་སློབ་ཀྱིས་ཁོ་མོར་སེམས་འགུལ་ཆེན་པོ་ཐེབས་ཡོད་སྐོར་གསུང་བཤད་གནང་ཡོད། དེ་ནས་ཉིན་གུང་གསོལ་ཚིགས་གྲུབ་མཚམས་ཆུ་ཚོད་ ༣།༣༠ ཐོག་མཉམ་འབྲེལ་ལས་ཁུངས་དང། རུམ་བཟོ་ཁང། འགྲེམས་སྟོན་ཚོང་ཁང། ཉིན་སློབ་ཁང་བཅས་ལ་གཟིགས་སྐོར་ཡང་གནང་ཡོད་པ་བཅས།།