༢༠༡༢ ཟླ་ ༡༠ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༢ ཉིན་བཞུགས་སྒར་རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་བདེ་རྩ་ཚོགས་པའི་འཛིན་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དགོངས་དོན་ལྟར། བོད་ནས་གསར་དུ་ཕེབས་པའི་བོད་རིགས་ན་གཞོན་ཁག་གི་འཚོ་བའི་མདུན་ལམ་རང་ཁ་རང་གསོ་ཡོང་ཐབས་སུ་ནང་སྲིད་རོགས་སྐྱོར་ཚན་པ་ནས་དབྱིན་སྐད་དང་གློག་ཀླད་སྦྱོང་བརྡར་ལས་འཆར་ཞིག་འགོ་ཚུགས་ཀྱིས་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་། ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས། དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས། ནང་སྲིད་དྲུང་གཞོན་དཀོན་མཆོག་དོན་གྲུབ་ལགས། བོད་ཀྱི་བདེ་རྩ་ཚོགས་པའི་འགན་འཛིན་ཚེ་རིང་དོན་གྲུབ་ལགས་ཀྱིས་གཙོས་འབྲེལ་ཡོད་ལས་བྱེད་དང་། ལས་འཆར་འཛུལ་ཞུགས་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༦༠ བརྒལ་བ་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་སྣང་གསལ་ཞལ་ཕྱེ་གྲུབ་མཚམས་རྟེན་འབྲེལ་གསོལ་ཇ་འབྲས་སིལ་ཕུལ། དེ་ནས་ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་དེང་སྐབས་སྤྱི་ཚོགས་འཕྲུལ་རིག་ཐོག་འགྲོ་རྒྱུ་ཡིན་སྟབས། རྨང་གཞི་དབྱིན་ཇིའི་སྐད་ཡིག་དང་གློག་ཀླད་ཤེས་བྱ་ཅུང་དགོས་པ་གལ་ཆེ་ཚུལ་སོགས་ཀྱི་ལས་འཆར་ངོ་སྤྲོད་གནང། དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་ལམ་སྟོན་གསུང་བཤད་གནང་དོན། དེ་རིང་འདི་གར་ན་གཞོན་ཚོར་ལས་འཆར་ཞིག་དབུ་འཛུགས་ཞུ་གི་ཡོད། ངས་བཀའ་ཤག་གི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་དང་། སྤྱིར་བཏང་བཀའ་ཤག་གི་ལྟ་གྲུབ་ཆིག་སྒྲིལ་དང་། གསར་གཏོད། རང་ཁ་རང་གསོ་གསུམ་ཡིན་པ་ཡོངས་བསྒྲགས་ཆགས་ཡོད། དེ་བཞིན་ལོ་མང་ནས་བཀའ་ཤག་གིས་བོད་ནས་གསར་དུ་ཕེབས་མཁན་ཚོར་ཐུགས་བརྩི་ཆེན་པོ་གནང་ཡོད། དགེ་བཙུན་རྣམས་ཁུངས་སོ་སོར་གཏོང་རྒྱུ་དང་འཚོ་སྣོན་འབུལ་རྒྱུ། སློབ་གྲྭར་ཞུགས་མཁན་ཚོས་སློབ་གྲྭ་སོ་སོར་གཏོང་རྒྱུ་སོགས་ཆ་ཚང་གོ་སྒྲིག་ཞུས་ཡོད། བོད་ཁྱིམ་གྱིས་གཙོས་སློབ་གྲྭ་ཁག་གི་ནང་བརྒྱ་ཆ་གང་ཙམ་ཞིག་ཕྱིས་སུ་བོད་ནས་སླེབས་མཁན་གྱི་ཕྲུ་གུ་ཚོ་ཆགས་ཡོད།
ལྷག་པར་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་སྦྱོང་བྱ་རྒྱུའི་དུས་ཡུན་ཡང་ལོ་གསུམ་ནས་ལྔ་བར་སྤར་ཡོད། ད་དུང་སློབ་སྦྱོང་གནང་མཁན་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་པའི་འཆར་གཞི་བཟོ་མུས་རེད། དེ་བཞིན་ཕྱིས་སུ་བོད་ནས་ཕེབས་མཁན་ཚོར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རང་ཁ་རང་གསོ་ཐུབ་རྒྱུའི་འབད་ཐབས་ཞུ་བཞིན་པ་ཡིན་ཡང་། བརྒྱ་ཆ་བརྒྱ་ཐམ་པ་འདོད་པ་ཁེངས་པ་ཞིག་ཡོང་གི་ཡོད་མེད་དེ་དྲི་བ་ཞིག་རེད། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་བདེ་རྩ་བརྒྱུད་ནས་ནང་སྲིད་ལས་ཁུངས་ཀྱི་ན་གཞོན་རོགས་སྐྱོར་ཚན་པ་ནས་ལས་འཆར་གནང་སྟེ་མི་འདི་ཚུད་མི་འདུག་ཟེར་བ་མེད་པར་སྙན་ཞུ་རྒྱག་མཁན་མི་གྲངས་ ༥༢ ཚུད་པར་དགོངས་པ་རྒྱ་ཆེ་བཞེས་ཏེ་བོད་མིའི་སྒྲིག་འཛུགས་ངོས་ནས་ཁྱེད་རང་ཚོ་རང་ཁ་རང་གསོ་ཐུབ་རྒྱུར་འབད་བརྩོན་ཞུ་གི་ཡོད། འདི་ལྟ་བུའི་གོ་སྐབས་གནང་བར་སེམས་ཤུགས་ཆེན་པོའི་ཐོག་ནས་དགོངས་པ་བཞེས་ཏེ་སློབ་སྦྱོང་ག་རེ་བྱས་ཀྱང་། རྒྱུན་སྲིང་དགོས་པ་ལས་དུས་ཐུང་ནང་ཤེས་རྒྱུ་མེད། དེར་བརྟེན་ང་ཚོ་ཚང་མ་ལུང་པ་གཞན་ཞིག་ནང་མི་ཚེ་སྐྱེལ་གྱི་ཡོད་སྟབས།ཤེས་ཡོན་གལ་ཆེན་པོ་ཆགས་ཏེ་གོ་སྐབས་འདི་གནང་གི་ཡོད། དེ་བཞིན་ང་ཚོ་མིའི་ལུང་པར་བཟང་སྤྱོད་ཐོག་ནས་སྤྱོད་པ་ཡ་རབས་བྱེད་རྒྱུ་དང། སོ་སོ་བོད་མི་རིགས་ཞིག་ཡིན་བསམ་པ་མ་བརླག་པའི་ཐོག་ནས་ང་ཚོ་བོད་མི་རེར་འགན་རེར་ཡོད། ཅེས་སོགས་ཀྱི་ལམ་སྟོན་གསུང་བཤད་གནང་རྗེས་ན་གཞོན་རོགས་སྐྱོར་ཚན་པའི་འགན་འཛིན་དཀོན་མཆོག་དོན་གྲུབ་ལགས་ཀྱི་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ།
ད་ཐེངས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ན་གཞོན་རོགས་སྐྱོར་ཚན་པའི་ལས་འཆར་འོག་རྡ་ས་བོད་ཀྱི་བདེ་རྩ་ཚོགས་པར་དུས་ཡུན་ཟླ་བ་ ༦ ཙམ་རིང་བོད་རིགས་ན་གཞོན་ ༥༢ ལ་དབྱིན་ཇིའི་སྐད་ཡིག་དང་གློག་ཀླད་མ་བྱན་བཅས་ཀྱི་སྦྱོང་བརྡར་སྤྲོད་གནང་གི་ཡོད་འདུག་པ་བཅས། །