༄༅། །བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་ཁྲིམས་ལུགས་དབང་འཛིན་གྱི་ལས་དོན་ཚགས་ཚུད་ཡར་རྒྱས་སུ་འགྲོ་ཐབས་སྤྱི་དང༌། བྱེ་བྲག་ས་གནས་སོ་སོར་ཁ་མཆུ་ཞུ་གཏུག་གི་མཐུན་རྐྱེན་བསྐྲུན་ཐབས་དང་ཁྱབ་ཁོངས་སེར་སྐྱ་མང་ཚོགས་ལ་དུས་ནས་དུས་སུ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་གོ་རྟོགས་སྤེལ་རྒྱུས་མཚོན་ཁྲིམས་ལུགས་དབང་འཛིན་གྱི་བྱེད་སྒོ་ཁག་རིམ་བཞིན་ཡར་རྒྱས་གཏོང་རྒྱུའི་ཆེད་དུ། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དང༌། ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གཉིས་ཡོད་མུས་ཐོག ཉེ་ལམ་འབྲས་ལྗོངས་ལྷོ་ཕྱོགས་ར་ཝང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་སུ་ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དང༌། ལ་དྭགས་ལྕོག་ལམ་སར་བསོད་ནམས་གླིང་གཞིས་ཆགས་སུ་ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གཉིས་གསར་དུ་ཟུར་འཛུགས་ཟིན་པས། ས་གནས་དེ་དག་གི་གཅིག་ལྕོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་ཁག་ཕྱིར་བསྡུ་གནང་བ་དང་། ས་གནས་ཁྲིམས་ཞིབ་ཁང་སོ་སོའི་ས་ཁོངས་ཁྱབ་ཚད་དུ་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་ ༢༨ པའི་ཆ་རྐྱེན་འོག་སྒྱུར་བཅོས་གཏན་འབེབས་གནང་བ་གཤམ་གསལ།
ཀ༽ བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང༌།
༡། སྡེ་ར་ལྡུན། ༢། ར་ཇ་པུར་བུད་མེད་མཉམ་ལས། ༣། ཧར་པ་པུར་འདོད་རྒུ་གཡུལ་རྒྱལ་གླིང་། ༤། སྤོན་ཊ་ཆོལ་གསུམ། ༥། སྤུར་ཝ་ལ་ས་སྐྱ། ༦། ས་ཊོན་ཀཿཐོག ༧། ཀུམ་རའོ། ༨། སྦིར་བོད་ཚོགས། ༩། སྦིར་སྡེ་དགེ། ༡༠། ཅོན་ཏ་ར་ནང་ཆེན། ༡༡། བཀྲ་ཤིས་ལྗོངས། ༡༢། མན་ཌི། ༡༣། ཀུ་ལུ་དཔལ་རབ་གླིང་། ༡༤། སིམ་ལ་དབྱངས་ཅན་དགའ་ཚལ་གླིང་། ༡༥། ཌོ་ལན་ཇི་བོན་གཞིས། ༡༦། ཌལ་ཧོར་ཕུན་ཚོགས་གླིང་། ༡༧། རྡ་རམ་ས་ལ། ༡༨། ལྡི་ལི་བསམ་ཡས་གླིང་སོགས་གཞིས་སྒར་ཁག་གི་ས་གནས་འགོ་འཛིན་སོ་སོའི་ཁྱབ་ཁོངས་དང་། ཁ་འཐོར་བཅས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གནས་འཁོད་བོད་མི་རྣམས་ཡིན།
ཁ༽ ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང༌།
༡། སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་། ༢། སྦེལ་ཀོབ་བདེ་སྐྱིད་སླར་གསོ། ༣། ཧོན་སུར་རབ་རྒྱས་གླིང༌། ༤། ཀོ་ལི་གྷལ་དོན་ལྡན་གླིང༌། ༥། མོན་གྷོ་འདོད་རྒུ་གླིང༌། ༦། སྦེང་ལོར་ལྷོ་སྤྱི། ༧། སྦན་ད་ར་ནོར་རྒྱས་གླིང་(སྤྱི་མཚུངས་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་ཕྱིར་བསྡུ་གནང་སྟེ་ས་བབ་ཀྱི་ཆ་ནས་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ས་ཁོངས་སུ་ཟླ་བསྒྲིལ་བཏང་།) སོགས་གཞིས་སྒར་ཁག་གི་ས་གནས་འགོ་འཛིན་སོ་སོའི་ཁྱབ་ཁོངས་དང་། ཁ་འཐོར་བཅས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་གནས་འཁོད་བོད་མི་རྣམས་ཡིན།
ག༽ ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང༌།
ལ་དྭགས་ས་གནས་འགོ་འཛིན་ཁྱབ་ཁོངས་དང༌། གཞན་ཡང་འཇའ་མུ་ཀ་ཤི་མིར་མངའ་ཁུལ་དུ་གནས་འཁོད་བོད་མི་རྣམས་ཡིན།
ང༽ ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང༌།
༡། མན་སྤར་ཕན་བདེ་གླིང༌། ༢། ཨོ་རི་ས་ཕུན་ཚོགས་གླིང༌། ༣། རྡོར་གླིང་། ༤། ཀ་སྦུག ༥། སྒང་ཏོག ༦། ར་ཝང་ལ་ཀུན་ཕན་གླིང༌། ༧། བསུ་ན་མདའ་བཀྲ་ཤིས་གླིང་། ༨། འབུམ་སྡེ་ལ། ༩། བསྟན་འཛིན་སྒང་། ༡༠། ཏི་ཛུ་དར་རྒྱས་གླིང་། ༡༡། མེའོ་ཆོས་འཕེལ་གླིང༌། ༡༢། ཤི་ལོང་སོགས་གཞིས་སྒར་ཁག་གི་ས་གནས་འགོ་འཛིན་སོ་སོའི་ཁྱབ་ཁོངས་དང་། ཁ་འཐོར་བཅས་རྒྱ་གར་ཤར་ཕྱོགས་ཁུལ་དུ་གནས་འཁོད་བོད་མི་རྣམས་ཡིན།
ཅ༽ འཇོ་ཁེལ་བསམ་འགྲུབ་གླིང་བོད་མིའི་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང༌།
༡། འཇོ་ཁེལ་བསམ་འགྲུབ་གླིང༌། ༢། བལ་ཡུལ་རྒྱལ་ས་དང་འཕགས་ཤིང་། ༣། མཆོད་རྟེན་དང་འཇོར་སྤ་ཊི། ༤། ར་སོ་བ་དགེ་རྒྱས་གླིང་། ༥། ཤར་ཁུམ་བདེ་ལེགས་གླིང་། ༦། ཝ་ལུང་བསམ་འཕེལ་གླིང་། ༧། གློ་ཚེ་རོགས་རྣམ་རྒྱལ་གླིང་སོགས་གཞིས་སྒར་ཁག་གི་ས་གནས་འགོ་འཛིན་སོ་སོའི་ཁྱབ་ཁོངས་དང་། ཁ་འཐོར་བོད་མི་རྣམས་ཡིན།
ཆ༽ སྤོག་ར་གློ་སྒྲིག་བོད་མིའི་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང༌།
གློ་སྒྲིག་བྱམས་དཔལ་བཀྲ་སྒང་གསུམ་གྱི་ས་གནས་འགོ་འཛིན་ཁྱབ་ཁོངས་བོད་མི་རྣམས་ཡིན།
ཇ༽ སྤོག་ར་བཀྲ་ཤིས་དཔལ་འཁྱིལ་བོད་མིའི་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང༌།
སྤོག་ར་བཀྲ་ཤིས་དཔལ་འཁྱིལ་ས་གནས་འགོ་འཛིན་ཁྱབ་ཁོངས་བོད་མི་རྣམས་ཡིན།
ཉ༽ སྤོག་ར་བཀྲ་ཤིས་གླིང་བོད་མིའི་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང༌།
སྤོག་ར་བཀྲ་ཤིས་གླིང་ས་གནས་འགོ་འཛིན་ཁྱབ་ཁོངས་བོད་མི་རྣམས་ཡིན།
ཏ༽ སུད་སི་གཅིག་ལྕོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང༌།
སུད་སི་སྐུ་ཚབ་དོན་གཅོད་ཁྱབ་ཁོངས་བོད་མི་རྣམས་ཡིན།
གོང་གསལ་ས་ཁུལ་ཁག་ཏུ་འཁོད་པའི་བོད་མི་སྤྱི་སྒེར་སུ་ཐད་ནས་ཁ་མཆུ་ཞུ་གཏུག་བྱ་དགོས་རིགས་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་དགོངས་དོན་ལྟར་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་སོ་སོའི་ས་ཁོངས་ཁྱབ་ཚད་གཞིར་བཟུང་ཞུ་གཏུག་བྱེད་ཆོག་པ་ཡིན།
ད་ལམ་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་སོ་སོའི་ས་ཁོངས་ཁྱབ་ཚད་ལ་སྒྱུར་བཅོས་གཏན་འབེབས་ཀྱི་གསལ་བསྒྲགས་འདི་བཏང་ཚེས་ནས་བཟུང་། རྒྱ་གར་ནང་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་ཡོངས་རྫོགས་ཕྱིར་བསྡུ་གནང་བ་ཡིན་ན། ས་ཁོངས་ཁྱབ་ཚད་དང་འབྲེལ་བའི་སྔོན་སོང་གསལ་བསྒྲགས་རྩིས་མེད་ཀྱིས་འདིར་རྩ་འཛིན་ལག་བསྟར་དགོས་རྒྱུའི་གསལ་བསྒྲགས་སུ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༩ ལ།།