༢༠༡༢ ཟླ་ ༡༠ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༦ ཉིན་ (Boston) བྷོན་སེ་ཊོན་ཁུལ་དུ་གནས་སྡོད་བོད་རིགས་ཚོར་ཐོག་མར་འདས་པའི་ལོ་གཅིག་ནང་སྐབས་བཅུ་བཞི་པའི་བཀའ་ཤག་ལ་གཞིས་བྱེས་བོད་མི་ཡོངས་ཀྱིས་ཆིག་སྒྲིལ་དང་སེམས་ཁུར། དེ་བཞིན་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་གསུང་བཤད་གནང་དོན། དུས་ཡུན་དེ་དག་རིང་གཙོ་ཆེ་ཤོས་བོད་མིའི་སྤྱི་ཚོགས་ཏེ་གཞིས་ཆགས་སོགས་མང་དག་ཅིག་ལ་བཅར་སྐབས། བོད་མི་རྣམས་ལྷིང་འཇགས་ཐོག་གནས་ཡོད་པ་དེ་ནི་གཟི་བརྗིད་ལྡན་པ་ཞིག་བྱུང་སོང་བསམས་ཀྱི་ཡོད། གཙོ་ཆེ་ཤོས་མི་མང་གིས་ཆིག་སྒྲིལ་དང་ཕྱར་གྲུ་མཉམ་འདེགས་ཀྱི་རྣམ་པ་ཧ་ཅང་གསལ་པོ་སྟོན་ཐུབ་ཡོད། གང་ལ་ཞེ་ན། ན་ནིང་ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་གསོལ་རས་སྩལ་གྱི་ཡིན་ཞེས་བཀའ་སློབ་ཕེབས་སྐབས། བོད་དང་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོར་གང་འདྲ་ཞིག་ཆགས་ཡོང་ངམ་སྙམ་པའི་ཏན་ཏན་སེམས་འཚབ་བྱུང་ཡོད། ང་རང་ལ་ཡང་སེམས་འཚབ་བྱུང། འོན་ཀྱང་ལོ་གཅིག་གི་རྗེས་སུ་གཞིས་ཆགས་དང་ས་གནས་ཁག་གང་དུ་བཅར་ཡང་ལྷིང་འཇགས་ཐོག་གནས་ཐུབ་པ་བྱུང་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་ཀྱི་འཆར་སྣང་དང་མང་གཙོའི་འགྲོ་ལུགས་ལྟར་ཆབ་སྲིད་སྐུ་དབང་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་གསོལ་རས་སྩལ་ཡོད། མང་གཙོའི་ལམ་ལུགས་གཞི་བཞག་ཐོག་ང་ཚོ་མུ་མཐུད་ནས་གནས་དགོས་ཀྱི་ཡོད་པ་མ་ཟད། རྩ་དོན་རྩོད་དགོས་ཀྱི་ཡོད་པ་དེར་མི་མང་གིས་རྒྱབ་སྐྱོར་གནང་བར་བརྟེན་ནས་རྡོག་རྩ་ཆིག་སྒྲིལ་ཡིན་པའི་རྣམ་པ་ཧ་ཅང་ཤུགས་ཆེན་པོ་སྟོན་ཐུབ་པ་བྱུང་ཡོད། དེར་བརྟེན་བཀའ་ཤག་གིས་ཁྱེད་རྣམ་པར་བསྔགས་བརྗོད་ཞུ་རྒྱུ་ཡིན།
དེ་དང་ཕྱོགས་མཚུངས་བོད་ནང་གི་ཛ་དྲག་གནས་སྟངས་ཚང་མས་ཤེས་ཀྱི་ཡོད། བོད་ཀྱི་བདེན་དོན་ཆེད་རང་ལུས་མེར་སྲེག་གཏོང་མཁན་ལྔ་བཅུ་ང་ལྔ་ཆགས་ཡོད། བོད་ནང་ཡོད་པའི་བོད་མི་ཚོས་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོར། ང་ལ་ཡོད་པའི་རྩ་ཆེན་ཚེ་སྲོག་འདི་བོད་དང་བོད་མིའི་ཆེད་དུ་འབུལ་གྱི་ཡིན། ཁྱེད་རང་ཚོ་རང་དབང་ལུང་པའི་ནང་ཡོད་པ་ཚོས་ངས་ལུས་སྲོག་བློས་གཏོང་བྱས་པ་དེ་མ་བརྗེད་རོགས། དེ་བཞིན་ངའི་མངོན་འདོད་རྒྱལ་སྤྱིའི་སྡིངས་ཆའི་ཐོག་འཁྱོལ་ཐུབ་པ་གནང་བ་ཙམ་མ་ཟད། བོད་དོན་རྒྱབ་སྐྱོར་འཚོལ་ཐུབ་པ་གནང་རོགས། ངས་བློས་གཏོང་བྱེད་དགོས་དོན་ནི་བོད་ཀྱི་བདེན་དོན་ཆེད་ཡིན། ང་ཚོ་བོད་ནང་ཡོད་མཁན་གྱི་བོད་མི་ཚོ་ལས་ཁྱེད་རང་ཚོ་རང་དབང་ལུང་པའི་ནང་ཡོད་མཁན་ཚོར་རང་དབང་དང་མཐུན་འགྱུར་གང་ཅིའི་ཐད་ཡག་པོ་ཡོད། བོད་ཀྱི་རྩ་དོན་ཆེད་ངས་བྱེད་དགོས་པ་རྣམས་བྱས་པ་ཡིན། ཁྱེད་རྣམ་པས་གནང་དགོས་པ་རྣམས་གནང་རོགས། གང་ལ་ཞེ་ན། བོད་དང་བོད་མིའི་གནས་སྟངས་ཛ་དྲག་ཅན་དུ་གྱུར་ཡོད། རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་མིར་དཀའ་སྡུག་འདྲ་མིན་ཞིག་མྱངས་དང་མྱོང་བཞིན་ཡོད། དེར་བརྟེན་རང་དབང་ལུང་པར་ཡོད་པའི་བོད་མི་ཚོས་གང་ཐུབ་ཅི་ཐུབ་ཀྱིས་ལས་འགུལ་སྤེལ་རོགས་གནང། ཞེས་བརྡ་ལན་སྤྲོད་ཀྱི་ཡོད་པ་རེད་བསམས་ཀྱི་ཡོད།
བཀའ་ཤག་སྐབས་བཅུ་བཞིའི་ཐོག་ནས་ཐུགས་ཕན་གསོལ་པ་དེ་འདྲ་དམིགས་བསལ་བྱས་པ་གང་ཡང་མེད་ཀྱང་། ཕྲན་བུ་གང་ཞིག་ཞུས་ཡོད་ཅེས་ན། ཨ་རིའི་གྲོས་ཚོགས་ནང་གྲོས་ཆོད་བཞག་ཐུབ་པ་དང་། ཡུ་རོབ་གྲོས་ཚོགས་ནང་གྲོས་ཆོད་གཉིས་བཞག་ཐུབ་ཡོད། ཉི་ཧོང་ནང་དེ་སྔ་བྱུང་མྱོང་མེད་པའི་ཉི་ཧོང་གི་གྲོས་ཚོགས་འཐུས་མི་བརྒྱ་མ་ཟིན་ཙམ་གྱིས་བོད་དོན་ཐོག་རྒྱབ་སྐྱོར་གྱི་རྣམ་པ་བསྟན་ཡོད། ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི། དེ་བཞིན་རྒྱ་གར་གྱིས་གཙོས་ཡུ་རོབ་རྒྱལ་ཁབ་ཁག་གང་ཙམ་ཞིག་ལ་བཅར་སྐབས། ཁོང་ཚོའི་ཐོག་ངོས་ནས་བོད་དོན་ལ་སྔར་ལྷག་དོ་སྣང་དང་སེམས་འཚབ་ཡོད་པའི་རྣམ་པ་སྟོན་གྱི་འདུག རྒྱ་ནག་གཞུང་ནས་བོད་ནང་གི་གནས་སྟངས་དེ་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་བརྒྱུད་སྐུལ་བྱེད་ཀྱི་ཡོད་པ་རེད། ཅེས་བརྗོད་ནས་སྐྱོན་འཛུགས་དང་ཞྭ་མོ་ང་ཚོར་གཡོག་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད། འོན་ཀྱང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ནས་ཉེ་ཆར་ཨ་རིའི་ཕྱི་སྲིད་ལས་ཁུངས་དང་དེ་བཞིན་གཞུང་ནང་འབྲེལ་བ་ཡོད་པའི་ཚོགས་ཆུང་ཁག་གི་སྙན་ཐོའི་ནང་བོད་ནང་གི་དོན་རྐྱེན་དེ་དག་རྒྱ་གཞུང་གི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་བརྟེན་ནས་བྱུང་བ་རེད་འདུག་ཅེས་ཧ་ཅང་གསལ་པོ་བཀོད་ཡོད། དེ་མཚུངས་གསར་འགྱུར་བརྒྱུད་ལམ་ནང་ཧ་ཅང་གསལ་པོ་ཐོན་དང་འཐོན་མུས་ཡིན། དེར་བརྟེན་བདེན་པ་ང་ཚོར་ཡོད་པ་དེ་རྒྱལ་སྤྱིའི་ཐོག་ནས་ཡིན་རུང་ངོས་ལེན་དང་སྦྲགས་རྒྱབ་སྐྱོར་གནང་གི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། །