༢༠༡༢ ཟླ་ ༡༠ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བྷར་མའི་མང་གཙོ་དོན་གཉེར་བ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཨང་སང་སུ་ཀི་རྣམ་གཉིས་ཀྱིས་ཕོ་རོམ་ ༢༠༠༠ ཞེས་པའི་ཞི་བདེའི་བསྟི་གནས་ཁང་ Forum 2000 གི་སློབ་སྟོན་པའི་ཚོགས་མིའི་ International Advisory Board ཁོངས་སུ་འཛུལ་ཞུགས་མཛད་ཡོད། ཞི་བདེའི་བསྟི་གནས་ཁང་འདི་བཞིན་ཐོག་མར་ཕྱི་ལོ་ ༡༩༩༦ ལོར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཝཀ་ལེབ་ཧ་ཝེལ་ Václav Havelམཆོག་དང་། ཉི་ཧོང་གི་གཏོང་ཕོད་ཅན་སྐུ་ཞབས་ཡོ་ཧེ་སཱ་སཱ་ཀ་ཝ་མཆོག་ Yohei Sasakawa དེ་བཞིན་ཨ་རིའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་རོ་མེ་ནི་ཡེའི་མི་རིགས་སྐུ་ཞབས་ཨེ་ལི་ཝེ་སེལ་Elie Wiesel མཆོག་བཅས་ཀྱིས་གསར་འཛུགས་གནང་བ་ཞིག་ཡིན་འདུག ད་ལྟའི་ཆར་སློབ་སྟོན་པའི་ཚོགས་མིའི་ཁོངས་སུ་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཕེར་ཌེ་རིཀ་ཝིལ་ཡེམ་ཌི་ཀ་ལཀ་མཆོག་ Frederik Willem de Klerk དང་། ཉི་ཧོང་གི་གཏོང་ཕོད་ཅན་སྐུ་ཞབས་ཡོ་ཧེ་སཱ་སཱ་ཀ་ཝ་མཆོག་སོགས་ཡོད་འདུག དེ་ཡང་༸གོང་ས་མཆོག་གིས་ཐེངས་འདིར་བསྟི་གནས་ཁང་ལ་གསུང་འཕྲིན་ཞིག་སྩལ་གནང་མཛད་པའི་ནང་འཁོད་དོན།
ངོས་ཀྱིས་བསྟི་གནས་ཁང་འདིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཝཀ་ལེབ་ཧ་ཝེལ་དམ་པ་ཁོང་གིས་དགོངས་པ་བཞིན་འཛམ་གླིང་ནང་ཞི་བདེ་དང་དྲང་བདེན་གོང་འཕེལ་གཏོང་ཆེད་ངལ་བ་ཁྱད་གསོད་ཐོག་ནས་འབད་བརྩོན་མུ་མཐུད་ཞུ་རྒྱུའི་རེ་བ་ཞུ་རྒྱུ་མ་ཟད། ངོས་ནས་ཀྱང་བསྟི་གནས་ཁང་དང་ལྷན་ལས་དོན་དེ་དག་ཐོག་མཉམ་རུབ་ཞུ་རྒྱུ་ཡིན། ཞེས་སྩལ་ཡོད། ཕྱོགས་མཚུགས་ཕོ་རམ་ ༢༠༠༠ བསྟི་གནས་ཁང་གི་འཛིན་སྐྱོང་འགན་འཛིན་སྐུ་ཞབས་ཇེ་ཀོབ་ཀེལ་པལ་ Jakub Klepal མཆོག་གིས་དབུ་ཁྲིད་རྣམ་གཉིས་བསྟི་གནས་ཁང་གི་སློབ་སྟོན་པའི་ཚོགས་མིའི་ཁོང་སུ་འཛུལ་ཞུགས་གནང་བའི་གནད་དོན་ཐོག་གསལ་བསྒྲགས་སྤེལ་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཙམ་མ་ཟད། བྷར་མའི་དབུ་ཁྲིད་ལྕམ་སྐུ་ཨང་སང་སུ་ཀི་མཆོག་ནས་ཀྱང་ང་ཚོའི་བསྟི་གནས་ཁང་གི་སློབ་སྟོན་པའི་ཚོགས་མིའི་ཁོངས་སུ་འཛུལ་ཞུགས་གནང་བར་ཧ་ཅང་དགའ་པོ་བྱུང། མི་རིང་བར་ང་ཚོས་ཞི་བདེའི་དེད་དཔོན་རྣམ་གཉིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་གྱི་རྒྱལ་ས་པ་རཱག་ཏུ་རྒྱལ་སྤྱིའི་ཞི་བདེའི་ལྷན་ཚོགས་ཐེངས་ ༡༦ དེ་བཞིན་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༡ ནས་ ༢༣ བར་འཚོགས་གཏན་འཁེལ་བའི་ལྷན་ཚོགས་སུ་མགྲོན་འབོད་ཞུས་པ་ལྟར་ཆིབས་སྒྱུར་བསྐྱང་རྒྱུར་ངང་སྒུག་བྱེད་བཞིན་ཡོད། ཅེས་གསུངས་ཡོད་པ་བཅས།།