ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༢༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༢༩ རེས་གཟའ་ཕུར་བུ་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༢།༣༠ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་དང་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་རྣམ་གཉིས་ནས་བཀའ་ཤག་གི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ཐོག་མར་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་ནས་དབྱིན་སྐད་ནང་གསར་འགོད་གསལ་བསྒྲགས་སྤེལ་གནང་སྟེ་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད་པ་རེད། དེ་རྗེས་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ནས་བོད་ཡིག་ཐོག་གསར་འགོད་གསལ་བསྒྲགས་སྤེལ་ཏེ་གསར་འགོད་པ་རྣམས་ཀྱི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད་པ་རེད། ཐེངས་འདིའི་གསར་འགོད་གསར་བསྒྲགས་ཐོག་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པ། དེ་བཞིན་རྒྱལ་སྤྱིའི་གསར་འགོད་པ་སོགས་གྲངས་ ༣༦ ཙམ་ལ་ཡིག་ཐོག་ནས་གསར་འགོད་གསལ་བསྒྲགས་སྤེལ་བ་གཤམ་གསལ།
སྔ་ལོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ས་ཡོངས་ལ་བྱུང་བའི་བོད་མིའི་ངོ་རྒོལ་དྲག་གནོན་བྱེད་ཆེད་ཆེས་དམ་བསྒྲགས་ཆེ་བའི་སྲིད་བྱུས་ལག་བསྟར་བྱས་རྗེས་ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༡༨ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་དབང་འཛིན་པ་ཚོས་ཆབ་སྲིད་ཀྱི་ངོ་རྒོལ་འགོག་ཐབས་དང་གཏན་ལྷིང་སྲུང་སྐྱོབ་བྱེད་ཆེད་ཉིན་བཞི་བཅུ་ཞེ་གཉིས་རིང་རྡུང་འདེགས་ཚ་ནན་ཟེར་བའི་ལས་འགུལ་སྤེལ་བའི་གནས་ཚུལ་ཐོན་པར་བློ་ཕམ་ཚད་མེད་བྱུང་།
ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན་སྤྱི་ཚོགས་བདེ་འཇགས་ལས་ཁུངས་ཀྱིས་ལྷ་སར་ཡོད་པའི་བོད་མིའི་ཁྱིམ་ཚང་དང་། ཟ་ཁང་ཁག་བསྔོག་བཤེར་བྱས་པ་དང་། དོགས་གནས་སུ་བརྩིས་པའི་མི་གྲངས་ ༥༧༦༦ ཙམ་ལ་འདྲི་བརྩད་བྱས་འདུག དེ་བཞིན་ཟླ་ ༡ ཚེས་ ༢༧ ཉིན་སྡེ་དགེ་དགོན་ཆེན་ནང་མཚན་གུང་ལ་མེ་མདའ་བརྒྱབས་པའི་གནས་ཚུལ་ཡང་བྱུང་འདུག སྔ་ལོ་ཟླ་ ༣ པའི་ནང་བོད་རྒྱ་ཁྱབ་ཏུ་བྱུང་བའི་གྱེན་ལངས་ཀྱི་རྗེས་ལས་འགུལ་འདི་ཆབ་སྲིད་ཀྱི་ངོ་བོར་གྱུར་ཟིན་པ་དང་། ཆབ་སྲིད་ཀྱི་འདོད་ཚུལ་མི་མཐུན་པའི་མི་རྣམས་རྩ་མེད་བཟོ་རྒྱུའི་ལག་ཆར་བེད་སྤྱོད་བྱེད་བཞིན་ཡོད།
རྒྱ་གཞུང་དབང་འཛིན་པ་ཚོས་རྡུང་འདེགས་དང་མནར་གཅོད་ཚབས་ཆེ་བཏང་བའི་དབང་གིས་ཟླ་ ༡ ཚེས་ ༢༣ ཉིན་ཆབ་མདོར་བོད་རིགས་ན་གཞོན་པལྨ་ཚེ་དཔག་རྐྱེན་ལམ་དུ་སོང་བའི་གནས་ཚུལ་ཐོས་པར་བློ་ཕམ་ཆེན་པོ་བྱུང་། དེ་སྔོན་ཟླ་ ༡ ཚེས་ ༢༠ ཉིན་པདྨ་ཚེ་དཔག་གིས་བོད་རིགས་གཞན་གཉིས་དང་མཉམ་འཚེ་མེད་ཞི་བའི་ལམ་ནས་ངོ་རྒོལ་བྱས་འདུག ད་ལྟའི་ཆར་བོད་རིགས་གཞན་གཉིས་ཀྱི་གནས་སྟངས་ཇི་ཆགས་ཤེས་རྟོགས་མེད་པར་གྱུར་ཡོད།
སྔ་ལོ་ཟླ་ ༣ པའི་གྱེན་ལངས་ནང་བོད་མི་འདས་གྲོངས་ཕྱིན་པ་ཚོར་མྱ་ངན་གུས་བཏུད་ཞུ་ཆེད་བོད་མི་ཚོས་འདི་ལོའི་ལོ་གསར་སྲུང་བརྩི་བྱེད་འདོད་མེད་བཞིན་དུ་སྲུང་བརྩི་ཞུ་དགོས་པའི་གནོན་ཤུགས་སྤྲད་ཅིང་། སི་ཁྲོན་ཁོངས་རྔ་བ་བོད་རིགས་རང་སྐྱོང་ཁུལ་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ནང་རྒྱ་གཞུང་དབང་འཛིན་པ་ཚོས་ལོ་གསར་སྲུང་བརྩི་བྱེད་ཆེད་མི་རེར་རྒྱ་སྒོར་ ༥༠༠ རེའི་བརྔན་པ་བཅས་ཀྱང་སྤྲད་ཀྱི་ཡོད་ཚོད་འདུག
རྡུང་འདེགས་ཚ་ནན་ཟེར་བའི་ལས་འགུལ་ཡང་བསྐྱར་སྤེལ་ཞིང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཁྲེགས་བཟུང་གི་སྲིད་བྱུས་གཞན་རྣམས་སྤེལ་ཤུགས་ཆེ་རུ་བཏང་བ་འདིས་བོད་མིའི་གཞི་རྩའི་ཐོབ་ཐང་དང་རང་དབང་ལ་བརྡལ་བཤིག་ཚབས་ཆེ་ཕོག་རྒྱུ་རེད། ད་ལྟའི་ཆར་ལྷ་ས་གཙོས་པའི་བོད་ཀྱི་ས་ཁུལ་གཞན་ཁག་གི་ནང་འཇིགས་སྣང་དང་དངངས་འཚབ་ཀྱི་གནས་སྟངས་ཇེ་ཆེར་གྱུར་འདུག རྒྱ་གཞུང་གིས་ལས་འགུལ་འདི་ཡང་བསྐྱར་སྤེལ་དགོས་པའི་ཀུན་སློང་ནི་ལས་འགུལ་འདིའི་མཇུག་འབྲས་ཞི་བདེ་ལྷིང་འཇགས་མེད་པ་ཡོང་རྒྱུ་ཁོ་ན་ཡིན་པས། རྒྱ་གཞུང་དབང་འཛིན་པ་ཚོར་དྲག་གནོན་ཇེ་ཆེར་གཏོང་དགོས་པའི་ཁ་གཡར་ས་ཞིག་བཟོ་ཐབས་བྱེད་ཀྱི་མེད་དམ་སྙམ་པའི་དོགས་གཞི་ཆེན་པོ་འདུག
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཚོས་རྡུང་འདེགས་ཚ་ནན་ཟེར་བའི་ལས་འགུལ་གྱིས་མཚོན་བོད་ནང་ལག་བསྟར་བྱེད་བཞིན་པའི་མཁྲེགས་བཟུང་གི་སྲིད་བྱུས་རྣམས་འཕྲལ་དུ་མཚམས་འཇོག་དགོས་པའི་རེ་འདུན་ནན་པོ་བཏོན་རྒྱུ་དང་། སྔ་ལོ་ཟླ་ ༣ པའི་ནང་བྱུང་བའི་ཡིད་སྐྱོའི་དོན་རྐྱེན་འདི་ལོ་ཡང་བསྐྱར་མི་ཡོང་ཆེད་འཛམ་གླིང་རྒྱལ་ཁབ་ཡོངས་ཀྱི་གྲོས་ཚོགས་དང་། གཞུང་། དེ་བཞིན་གང་ཟག་སྒེར་བཅས་ནས་རྒྱ་ནག་གཞུང་ལ་གོ་བསྐོན་གནང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
བོད་མི་ཚོས་ཀྱང་དམ་བསྒྲགས་དང་དྲག་གནོན་ཤུགས་ཆེ་ཡོད་མིན་ལ་མ་ལྟོས་པར་ང་ཚོའི་འཐབ་རྩོད་ཀྱི་ཕུགས་རྒྱང་རིང་པོའི་ཁེ་ཕན་སྙིང་ལ་བཅངས་ནས་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་རྒྱ་ལས་མ་འདས་པ་དང་། ཁྱད་པར་རང་གི་ལུས་སྲོག་ལ་གནོད་འཚེ་ཕོག་གཞི་དང་། དོན་མེད་བཙོན་འཇུག་དང་མནར་གཅོད་ཡོང་རྒྱུའི་ལས་འགུལ་རིགས་མ་གནང་བར་བཟོད་བསྲན་གྱིས་ཞི་འཇམ་གཏན་ལྷིང་གནས་ཐབས་གང་ཐུབ་དང་། ལྷག་པར་རྒྱ་མི་རིགས་དང་མཉམ་དུ་ཁ་བྲལ་འཁོན་འཛིན་མི་ཡོང་བའི་ཐབས་ཤེས་གང་ཐུབ་གནང་སྐྱོང་ཡོང་བའི་འབོད་སྐུལ་དུ། བཀའ་ཤག་གིས་ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༢༨ ལ་ཕུལ།།
མཆན། མ་དཔེ་དབྱིན་ཡིག་ནས་བོད་བསྒྱུར་ཞུས།