༢༠༡༠ ཕྱི་ཟླ་ ༡ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༡༠ ཉིན་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་སྐུ་དྲུང་དུ་བཙན་བྱོལ་དུ་འབྱོར་བའི་གསེར་རྟ་ནང་བསྟན་སློབ་གླིང་གི་སློབ་མ་རྣམས་ཀྱིས་གོ་སྒྲིག་གནང་བའི་མཁན་པོ་འཇིགས་མེད་ཕུན་ཚོགས་དམ་པ་དེ་ཉིད་ཀྱི་འདས་མཆོད་སྨོན་ལམ་དུ་༸གོང་ས་མཆོག་ལ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བསྐྱངས་ཏེ་ཐུགས་སྨོན་དང་བཀའ་སློབ་སྩལ་དོན། ངོས་ཀྱིས་མཁན་རིན་པོ་ཆེའི་སྐུ་མདུན་ནས་དབང་ལུང་མན་ངག་ཏོག་ཙམ་ཞུ་ཐུབ་ཡོད། ད་དུང་ཡང་ཞུ་ཐུབ་རྒྱུའི་རེ་བ་བྱུང་ཡོད་ཀྱང་དུས་ཚོད་མ་བྱུང་བ་རེད། ལན་གཉིས་པ་ཕེབས་རྒྱུའི་གོ་སྐབས་ཀྱང་བྱུང་མེད། གླློ་བུར་དུ་རིན་པོ་ཆེ་སྐུ་སྙུང་ནས་གཤེགས་པ་རེད། ང་རང་ཚོས་མཁན་རིན་པོ་ཆེ་འཇིགས་མེད་ཕུན་ཚོགས་ཀྱི་དགོངས་རྫོགས་ངོ་ཐོག་དེ་མཆོད་འབུལ་ཚར་གཅིག་བྱེད་རྒྱུའི་སྐད་ཆ་མ་རེད། ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་སའི་གནས་གཞི་གཅིག་ཡོད་པ་མགོ་ལོག་གསེར་རྟ་སློབ་གླིང་ལྟ་བུར་བར་ལམ་འགལ་རྐྱེན་མང་པོ་འཕྲད་ཀྱི་ཡོད་ནའང་མཁན་རིན་པོ་ཆེའི་ཞལ་སློབ་ཚོས་སེམས་ཁུར་བསྐྱེད་བྱས་ཧུར་ཐག་འབད་ཐག་གནང་གི་ཡོད་པ་གོ་ཡོང་གི་འདུག་དེ་གལ་ཆེན་པོ་རེད།
མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག དཔེར་ན། སྟོན་པ་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་ ༢༥༠༠ ལྷག་ཕྱིན་པ་རེད། བོད་གངས་ཅན་ལྗོངས་ཀྱི་མཁན་སློབ་ཆོས་གསུམ་གདན་འཛོམས་པའི་དུས་ཚོད་དེ་ནས་ལོ་སྟོང་ཕྲག་ལྷག་ཕྱིན་ཚར་བ་རེད། ཡིན་ནའང་སྤྱིར་སངས་རྒྱས་ཀྱི་བསྟན་པ་ཡང་སྒོས་བོད་གངས་ཅན་གྱི་ལྗོངས་ལ་མཁན་སློབ་ཆོས་གསུམ་བཀའ་དྲིན་ཅན་ཚོས་འཛུགས་སྐྲུན་གནང་བའི་སངས་རྒྱས་ཀྱི་བསྟན་པ་དེ་དུས་ད་ལྟ་ཡིན་ནའང་གནས་ཡོད། དེ་རིང་ཁ་སེང་དུས་ཚོད་ལ་ཧ་ལམ་སྔར་སངས་རྒྱས་ཀྱི་ཆོས་མེད་སའི་ཡུལ་གྲུ་ཁག་ནས་སངས་རྒྱས་ཀྱི་ཆོས་ལ་དོ་སྣང་གསར་པ་གཅིག་སླེབས་ཀྱི་ཡོད། དེ་དེ་བཞིན་བྱས་ནས་མཁན་རིན་པོ་ཆེ་མྱ་ངན་ལས་འདས་ཟིན་པ་རེད་དེ་རྗེས་འཇུག་བུ་སློབ་རྣམས་ཀྱིས་དེ་མུས་ལྟར་སྔར་བཞིན་ཧུར་སྐྱེད་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན། མཁན་རིན་པོ་ཆེ་སྤྱིར་རྫོགས་ཆེན་གྱི་བླ་མ་རེད།
དེ་དང་ཆབས་གཅིག་རིས་མེད་ཀྱི་ཐོག་ལ་ཐུགས་སྣང་གནང་མཁན་གཅིག་ཆགས་ཡོད། ལྷག་པར་ཁོང་གི་རྗེས་ཤུལ་མཁན་པོ་མང་པོ་གཅིག་གིས་གདུལ་བྱའི་ཁམས་དང་མོས་པ་དང་འཚམས་པའི་གང་ལ་གང་འདུལ་གྱི་རིས་མེད་ཀྱི་གསུང་ཆོས་དེ་འདྲའང་གནང་གི་ཡོད་པའི་སྐད་ཆ་འདུག ངོས་རང་རྒྱ་རིགས་ཁག་གཅིག་དང་ཐུག་སྐབས་ཁ་ཤས་ཀྱིས་མཁན་རིན་པོ་ཆེ་ཞིང་གཤེགས་ཀྱི་གདན་ས་ནས་ལམ་རིམ་ཆེན་མོ་ཁྲིད་ཚུལ་ཟེར་མཁན་དེ་འདྲ་ཡོང་གི་འདུག བྱས་ཙང་རིས་མེད་ཀྱིས་གང་ལ་གང་འདོད་གནང་གི་ཡོད་པ་རེད། དཔེ་ཡག་པོ་རེད། དེ་འདྲ་ཡིན་དུས་མཁན་རིན་པོ་ཆེ་དམ་པ་དེའི་རྗེས་དྲན་ཞུ་བ་དང་ཆབས་གཅིག་ད་ལྟ་མཁན་པོའི་རྗེས་འཇུག་བོད་ནང་དུ་སྐུ་ལས་སྐྱོན་བཞིན་པའི་མཁན་པོ། བླ་མ། དགེ་འདུན་དམངས། མི་མང་། དེ་བཞིན་
སྱིན་བདག མི་སྐྱ་ཕོ་མོ་ཚང་མས་འཕྲལ་དུ་ཆོས་མཐུན་འགལ་རྐྱེན་མི་མཐུན་པ་སྤྱི་དང་ཕུགས་ལ་རྣམ་མཁྱེན་རྒྱལ་བའི་གོ་འཕང་སྔོན་དུ་བྱེད་ཐུབ་རྒྱུའི་སྨོན་ལམ་ཞུ་གི་ཡོད། བོད་ནང་རྟེན་གཞི་བྱས་པའི་གསེར་རྟ་ནང་བསྟན་སློབ་གླིང་། ད་ལྟའི་དུས་ཚོད་གཉན་འཕྲང་འདིར་དོན་གྱི་བདག་པོ་དེ་བོད་ནང་དུ་ཡོད་པའི་གཞིས་ལུས་རྒྱ་ཆེ་མི་མང་ཚོ་རེད། སངས་རྒྱས་ཀྱི་བསྟན་པ་ལ་ཆ་བཞག་ནའང་གཙོ་བོ་ད་ལྟ་བོད་ནང་དུ་ཡོད་པའི་བསྟན་འཛིན་སྐྱེས་བུ་ཚོས་ཐུགས་ཁུར་བཞེས་ཀྱི་ཡོད་རེད་ལ་ཧ་ཅང་གལ་ཆེན་པོ་རེད། དེ་འདྲ་ཡིན་དུས་སྔར་བཞིན་ཐུགས་ཁུར་བསྐྱེད་རོགས་གནང་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་ཡོད་པ་བཅས།