༢༠༡༢ ཟླ་ ༡༠ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༥ ཉིན་༸གོང་ས་མཆོག་གིས་ཨ་རིའི་མེ་ས་ཆུ་སིའི་མངའ་སྡེའི་གྲོང་ཁྱེར་བྷོ་སི་ཊོན་ Boston ནང་རྟེན་གཞི་བྱས་པའི་མེ་ས་ཆུ་སི་འཕྲུལ་ལས་སྦྱོང་བརྡར་བསྟི་གནས་ཁང་(MIT) གི་ཀིར་སི་གི་ཚོགས་ཁང་ཆེན་མོའི་ Kresge Auditorium ནང་གོ་ལའི་གནམ་གཤིས་དང་འབྲེལ་བའི་རྒྱལ་སྤྱིའི་ལྷན་ཚོགས་གོ་ལོ་བྷལ་སི་སི་ཊམ་ ༢་༠ ཞེས་པར་ (Global Systems 2.0 Forum) ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ་ཡོད། དེ་ཡང་༸གོང་ས་མཆོག་ཁུལ་དེེར་གདན་ཞུ་གནང་མཁན་བཟང་སྤྱོད་གོང་འཕེལ་ཐེབས་རྩ་ཁང་ (Center for Ethics) ཡིན་འདུག ལྷན་ཚོགས་ཀྱི་སྔ་དྲོའི་ཚོགས་ཐེངས་དང་པོའི་སྐབས་བཟང་སྤྱོད་དང་དཔལ་འབྱོར། ཁོར་ཡུག་སོགས་ཀྱི་ཐོག་བགྲོ་གླེང་མཛད་ཡོད་པ་དང། ཕྱེད་ཡོལ་ཞི་བདེ། འཛིན་སྐྱོང་ལམ་ལུགས། རང་བྱུང་གཏེར་དངོས་ཇེ་ཉུང་དུ་འགྲོ་བཞིན་པའི་གནད་དོན་བཅས་ཀྱི་ཐོག་བགྲོ་གླེང་མཛད་འདུག སྐབས་དེར་༸གོང་ས་མཆོག་གིས་མགོན་པོ་གང་ཉིད་མཆོག་དེ་སྔ་བོད་དུ་བཞུགས་རིང་ཁོར་ཡུག་སྲུང་སྐྱོབ་སྐོར་ཐུགས་རྒྱུས་གང་ཡང་མེད་པ་དང། བཙན་བྱོལ་དུ་འབྱོར་རྗེས་གཞི་ནས་རྒྱུག་ཆུ་ཚང་མ་བོད་ནང་དུ་ཡོད་པ་བཞིན་ལམ་སེང་འཐུང་ཆོག་གི་མེད་པར། སྦག་བཙོག་ཅན་གྱི་རྒྱུག་ཆུ་ཡིན་པ་མཁྱེན་ཡོད་པ་དང། གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ནུས་པ་དེ་དྲག་པོའི་ཟིང་འཁྲུག་བྱུང་བ་བཞིན་ལམ་སེང་ཤེས་ཚོར་ཐུབ་རྒྱུ་དེ་འདྲ་ཞིག་མེད། ཁོར་ཡུག་འགྱུར་ལྡོག་དེ་དག་མིག་གིས་ལམ་སེང་གཅིག་ཅར་དུ་མཐོང་མ་ཐུབ་པ་ཞིག་ཡིན། ཕྱིས་སུ་ཁོར་ཡུག་འགྱུར་ལྡོག་བྱུང་བ་ཤེས་སྐབས་དུས་ཚོད་ཕྱི་དྲགས་པ་དེ་འདྲ་རྟག་ཏུ་ཡོང་བཞིན་ཡོད། དེར་བརྟེན་ཁོར་ཡུག་འགྱུར་ལྡོག་གི་གནས་སྟངས་ཧ་ཅང་ཚབ་ཆེན་པོ་ཆགས་ཡོད། ང་ཚོར་གོ་ལ་རིལ་རིལ་འདི་ལས་འགྲོ་ས་གཞན་གང་ཡང་མེད་པར་བརྟེན། ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་འགན་ང་ཚོར་ཡོད། ཟླ་བའི་གྲོང་ལ་ཐག་རིང་ནས་ལྟ་སྐབས་མཛེས་སྡུག་ལྡན་པ་ཞིག་ཡོད་པར་བརྟེན། སྔོན་རྩོམ་ནང་མཛེས་པའི་དཔེར་འགོད་སྲོལ་ཡོད། འོན་ཀྱང་ཟླ་བའི་གྲོང་དུ་སྲོག་འཚོ་མི་ཐུབ། དེར་བརྟེན་ང་ཚོའི་གནས་ཡུལ་འཛམ་གླིང་འདི་ཁོ་ན་ལས་འདམ་ཁ་གཞན་མེད། ང་ཚོས་རང་གཅེས་འཛིན་གྱི་བསམ་པ་དེས་འབྱུང་འགྱུར་མི་རབས་ཚོའི་བདེ་སྡུག་ལ་བསམ་བློ་དེ་ཙམ་གཏོང་ཐུབ་ཀྱི་མེད། དཀའ་ངལ་དེ་དག་སེལ་ཆེད་ཐབས་ལམ་ཉག་གཅིག་ཡོད་པ་ནི་ཤེས་ཡོན་དེ་ཡིན། འབྲེལ་ཡོད་མཁས་དབང་ཚོས་གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་གསུང་བཤད་གང་མང་གནང་བ་དེ་གསར་འགྱུར་བརྒྱུད་ལམ་ཁག་གིས་བརྒྱུད་གྲགས་རྒྱ་གང་ཆེ་གནང་ཐུབ་ཐབས་གནང་དགོས་པ་དང། ཁོར་ཡུག་སྲུང་སྐྱོབ་བྱེད་མིན་ང་ཚོས་འདམ་ཁ་གཏོང་རྒྱུ་ཡོད་པ་ཞིག་རྩ་བ་ནས་མིན་པར་གནད་དོན་འདི་ནི་ང་ཚོ་འཆི་གསོན་གྱི་གནད་དོན་ཞིག་ཡིན། ཞེས་སོགས་ཀྱི་བཀའ་སློབ་ཟབ་རྒྱས་སྩལ་ཡོད་པ་བཅས།།
༸གོང་ས་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་བྱེད་མིན་ང་ཚོས་འདམ་ཁ་གཏོང་རྒྱུ་ཡོད་པ་ཞིག་རྩ་བ་ནས་མིན་སྐོར་བཀའ་སློབ་སྩལ་བ།
གསར་གནས།
འབྲེལ་གནས།