༢༠༡༢ ཟླ་ ༡༠ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །རྒྱ་གར་རྒྱལ་ས་ལྡི་ལིའི་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་འབྱོར་སྐབས་ལྡི་ལི་ས་གནས་བོད་མིའི་སྡོད་གར་བསམ་གཡས་གླིང་གཞིས་ཆགས་ཀྱི་ས་གནས་གཞི་འགོ་དང་ལྡི་ལིར་རྟེན་གཞི་བྱས་པའི་ཇ་ཝ་ཧར་ལལ་ནེ་རུ་གཙུག་ལག་སློབ་གྲྭ་སོགས་མཐོ་སློབ་ཁག་ཏུ་སློབ་གཉེར་གནང་བཞིན་པའི་བོད་པའི་སློབ་ཕྲུག དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་པ་མ་ཟད། ལས་འགུལ་གྱི་སྣེ་ཁྲིད་དེ་ལྡི་ལིའི་ས་གནས་གལ་ཆེ་བ་འདྲ་མིན་ནང་སྐོར་བསྐྱོད་གནང་བ་དང་སྦྲགས། བོད་དོན་རྒྱབ་སྐྱོར་ཆེད་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད། དེ་ཡང་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༣ རེས་གཟའ་སྤེན་པའི་ཉིན་རྒྱལ་ས་ལྡི་ལིའི་ཇན་ཏར་མན་ཏར་ Jantar Mantar ས་ཁུལ་དུ་རྟེན་གཞི་བྱས་པའི་རྒྱ་གར་ཆབ་སྲིད་ཚོགས་པ་ཇན་ཏ་ཌལ་ (Janta Dal (United) ཆིག་སྒྲིལ་ཚོགས་པའི་ལས་ཁུངས་མདུན་ནས་སྔ་དྲོ་ཆུ་ཚོད་ ༡༠ ཐོག་འགོ་འཛུགས་གནང་ཡོད། སྐབས་དེར་རྒྱ་གར་ཆབ་སྲིད་ཚོགས་པ་གྲགས་ཅན་ས་མཱ་ཇི་ཝཱ་དི་ཚོགས་པའི་ Samajwadi Party འཐུས་མི་ལྕམ་སྐུ་ཨུ་ཤཱ་ཡཱ་ཌོབ་ Mrs Usha Yadav ལགས་དང། སྤྱི་ཚོགས་ལས་འགུལ་བ་བླ་ཆེན་གྲགས་ཅན་པ་སྐུ་ཞབས་ཨག་ནི་ཝེ་ཤི་ Swami Agnivesh མཆོག བྷར་མའི་མང་གཙོ་དོན་གཉེར་བ་དང་ལྕམ་སྐུ་ཨང་སང་སུ་ཀི་མཆོག་གི་ཕྱག་རོགས་སྐུ་ཞབས་ཊིན་སུའི་ Dr. Tint Swe མཆོག མདྱ་པར་དེ་ཤིའི་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་སུ་ནི་ལམ་ Dr. Sunilam ལགས་སོགས་མཉམ་ཞུགས་གནང་ཡོད་པ་མ་ཟད། བྷར་མ་དང་ན་ག་ལན་ཌི་སོགས་ཀྱི་འཐུས་མི་མང་དག་ཅིག་བཅས་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད།
དེ་ཡང་སྐབས་དེར་རྒྱ་གར་ཆབ་སྲིད་ཚོགས་པ་གྲགས་ཅན་ས་མཱ་ཇི་ཝཱ་དི་ཚོགས་པའི་ Samajwadi Party འཐུས་མི་ལྕམ་སྐུ་ཨུ་ཤཱ་ཡཱ་ཌོབ་ Mrs Usha Yadav ལགས་ཀྱིས་ཁོང་དང་ཁོང་གི་ཆབ་སྲིད་ཚོགས་པའི་བོད་དོན་ཐོག་དུས་རྟག་ཏུ་རྒྱབ་སྐྱོར་ཞུ་རྒྱུའི་འགྱུར་བ་མེད་པའི་ཆོད་སེམས་བརྟན་པོ་འཆང་བཞིན་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།
སྤྱི་ཚོགས་ལས་འགུལ་བ་བླ་ཆེན་གྲགས་ཅན་སྐུ་ཞབས་ཨག་ནི་ཝེ་ཤི་ Swami Agnivesh མཆོག་གིས་སྐབས་དེར་རྒྱ་གར་བ་ཚོས་བོད་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་བོད་མི་ཙམ་གྱི་ཁེ་ཕན་མིན་པར་རྒྱ་གར་རང་ཉིད་ལའང་ཕན་ཐོགས་ཆེན་པོ་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་བསྟུན། བདེན་པའི་མེ་ལྕེ་ཁུལ་དེ་ནས་རིམ་བཞིན་བྷེང་ག་ལིའི་ཁྲོམ་གཞུང་ Bangali market བརྒྱུད་སྐོར་བསྐྱོད་སྐབས་རྒྱ་གར་གྱི་དམག་སྤྱི་ཟུར་པ་སྐུ་ཞབས་ཝི་ནོ་དི་སེ་གྷལ་ Major General (retd.) Vinod Seghal མཆོག་གིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལ་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་ཡོད།
ཕྱི་ཚེས་ ༡༤ རེས་གཟའ་ཉི་མའི་ཉིན་བདེན་པའི་མེ་ལྕེ་སྐོར་བསྐྱོད་དེ་བཞིན་རྒྱལ་ས་ལྡི་ལིའི་ས་གནས་འདྲ་མིན་དཔེར་ན། ཨིས་ཊི་ཨོབ་ཀེ་ལ་ཤི་ East of Kailash དང། ཇེ་ཨན་ཡུ་ JNU ས་ཀེ་ཊི་ Saket ལྡི་ལི་ཧ་ཊི་ Delhi Hut ཀལ་ཀ་ཇི་ Kalkaji ཨ་ཌི་ཅི་ནི Adchini ནི་ཛ་མུ་ཌིན་ Nizamuddin བཅས་སུ་སྐོར་བསྐྱོད་ལེགས་གྲུབ་བྱུང་ཡོད།
ཕྱི་ཚེས་ ༡༥ རེས་གཟའ་ཟླ་བའི་སྔ་དྲོ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་ ༥༠༠ བརྒལ་བས་སམ་སི་ཐ་སི་ཐལ་ Samstha Sthal ཞེས་པའི་ས་གནས་ནས་ཇན་ཏར་མན་ཏར་བར་ Jantar Mantar ཞི་བའི་གོམ་འགྲོས་བསྐྱོད། དེ་རྗེས་ཇན་ཏར་མན་ཏར་ལ་འབྱོར་སྐབས་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་སོན་ཡོངས་ལ་གདུངས་སེམས་མཉམ་སྐྱེ་ཞུ་ཆེད་སྐར་མ་གཅིག་རིང་ངག་བཅད་གནང་རྗེས་ཚང་མས་བདེན་ཚིག་སྨོན་ལམ་འུར་འདོན་གནང།
སྐབས་དེར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་ཁང་གི་འགན་འཛིན་སྐུ་ཞབས་ཨན་ཀེ་ཏིར་ཁ་ Dr. N. K. Trikha ལགས་དང། གྷན་དིའི་ཞི་བདེའི་བསྟི་གནས་ཁང་ Gandhi Peace Foundation གི་དྲུང་ཆེ་སྐུ་ཞབས་སུ་རེན་ཌར་ཀུ་མའར་ལགས་སོགས་དང། བོད་མི་མང་སྤྱི་འཐུས་ཨཱ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་དང་ཆོས་སྐྱོང་དབང་ཕྱུག་ལགས་སོགས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གཟབ་རྒྱས་གནང་ཡོད།
ཐེངས་འདིའི་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དེ་བཞིན་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༦ ནས་ ༡༥ བར་ས་གནས་འདྲ་མིན་ ༣༤ ནང་སྐོར་བསྐྱོད་གནང་སྟེ་བོད་དོན་རྒྱབ་སྐྱོར་ཐོབ་ཆེད་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཐུབ་ཡོད་པ་བཅས།།
བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་ལ་རྒྱ་གར་མི་སྣ་གྲགས་ཅན་མང་པོས་རྒྱབ་སྐྱོར་ཤུགས་ཆེ་གནང་བ།
གསར་གནས།
འབྲེལ་གནས།