༢༠༡༢ ཟླ་ ༡༠ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཝིར་ཇི་ནི་ཡ་མངའ་སྡེའི་གྲོང་ཁྱེར་ཆར་ལོ་སི་ཝི་ལིའི་ཚོམས་ཆེན་ཞིག་ཏུ་ (Charlottesville Pavillion) མང་ཚོགས་གྲངས་ ༣༥༠༠ བརྒལ་བར། འཇིག་རྟེན་སྤྱི་ལ་སྨན་པའི་བཟང་སྤྱོད། Ethics for a Whole World ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད། སྐབས་དེར་ཐོག་མར་ཆར་ལོ་སི་ཝི་ལིའི་གྲོང་སྡེའི་སྤྱི་ཁྱབ་པ་ (Mayor of Charlottesville) སྐུ་ཞབས་སཏ་ཨིན་ཌ་ར་ཧུ་ཇ་ Satyendra Huja. མཆོག་གིས་༸གོང་ས་མཆོག་ལ་ཕེབས་བསུ་ཞུས་པ་དང་སྦྲགས། ཕྱི་ཚེས་ ༡༡ ཉིན་མོ་དེ་བཞིན་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་གུས་བརྩི་མཚོན་ཆེད་ཞི་བདེའི་ཉི་མོ་ཞིག་ལ་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་གནང། དེ་ནས་ས་གནས་ཀྱི་ཨ་རིའི་གདོད་མའི་མི་རིགས་ཚོགས་པའི་ཚོགས་གཙོས་༸གོང་ས་མཆོག་ལ་འཚམས་འདྲི་ཞུ་ཆེད་མགུལ་རྒྱན་ཞིག་འབུལ་ལམ་ཞུས།
དེ་རྗེས་ཝར་ཇི་ནི་ཡའི་གཙུག་ལག་སློབ་གྲྭའི་བོད་བརྒྱུད་ནང་བསྟན་གྱི་གཙུག་ལག་སློབ་དཔོན་སྐུ་ཞབས་ཇེབ་རི་ཧོབ་ཀིན་ Jeffrey Hopkins མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པར་དགའ་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས། དེང་སྐབས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཅེས་བརྗོད་སྐབས། བྱམས་བརྩེ་དང་ཧ་ཅང་འབྲེལ་བ་ཆེན་པོ་ཡོད་པར་ངོས་འཛིན་ཞུ་བཞིན་ཡོད་སྐོར་གསུངས་པ་མ་ཟད། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་དུ་བོད་མི་ ༥༤ རང་ལུས་མེར་སྲེག་བཏང་བ་ནི་གཞན་ལ་གནོད་འཚེའི་བསམ་པ་རྩ་བ་ནས་མེད་པའི་ཐོག་ནས་བོད་མིའི་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་གསལ་སྟོན་ཆེད་བྱམས་བརྩེའི་བསམ་པའི་ཐོག་ནས་རང་ལུས་མེར་སྲེག་བཏང་བ་ཞིག་ཡིན་པ་དང།
ཝི་ཏི་ནམ་ Vietnam ནང་རང་ལུས་མེར་སྲེག་གི་གནས་ཚུལ་གཉིས་བྱུང་འཕྲལ་ཁོང་ཚོའི་དཀའ་ངལ་ལ་རྒྱལ་སྤྱིས་བདག་སྤྲོད་བྱས་ཡོད་ཀྱང་བོད་མི་ ༥༤ རང་ལུས་མེར་སྲེག་བཏང་ཟིན་ཡང་བོད་མིའི་དངོས་ཡོད་དཀའ་ངལ་ལ་རྒྱལ་སྤྱིས་བདག་སྤྲོད་མ་བྱས་པ་དེ་ནི་ཧ་ཅང་བློ་ཕམ་སྐྱེ་དགོས་པ་ཞིག་ཡིན། ཞེས་གསུངས། དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ཆོས་གྲོགས་ཕོ་མོ་ཚོ། འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པ་ཚང་མ་ང་ཚོའི་ཆོས་གྲོགས་ཕོ་མོ་ཆགས་ཡོད། ང་ཚོས་འགྲོ་བ་མི་ཚང་མ་ལུས་སེམས། སེམས་ཚོར་གང་གི་ཆ་ནས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་མཁན་འགྲོ་བ་མི་རིགས་གཅིག་མཚུངས་ཤིག་ཆགས་ཡོད། ང་ཚོ་ཚང་མར་བདེ་བ་བསྒྲུབ་རྒྱུར་ཐོབ་ཐང་འདྲ་མཉམ་ཡོད། ལོ་ངོ་ ༢༠༠ གོང་ཙམ་ནས་ཚན་རིག་ཐོག་མར་བྱུང་སྐབས་ཕྱི་དངོས་པོའི་འཛུགས་བསྐྲུན་ཐོག་ཡར་རྒྱས་ཧ་ཅང་ཕྱིན་པར་བརྟེན། ད་ཆ་ཕྱི་དངོས་པོས་འཕྲལ་སེལ་གྱི་སྐྱེས་བུའི་མངོན་འདོད་རྣམས་བདེ་བླག་ངང་བསྒྲུབ་ཐུབ་པར་བརྟེན། ཕྱི་དངོས་པོའི་མཐུན་རྐྱེན་དོན་གཉེར་བྱ་རྒྱུ་མི་ཚེའི་སྙིང་པོ་ལྟ་བུར་ངོས་འཛིན་བྱས་ཏེ་ནང་གི་བཟང་སྤྱོད་ཀྱི་རིན་ཐང་དེ་དག་སྣང་མེད་ལྟ་བུར་ལུས་ཡོད། ངོས་ཀྱི་གྲོགས་པོ་འབྱོར་ལྡན་མང་པོ་ཞིག་ཡོད་པ་རྣམས་རང་ཉིད་ལ་རྒྱུ་ནོར་དབང་ཆ་སོགས་ཡོད་ཀྱང་སེམས་ནང་ཞི་བདེ་མེད། དུས་རབས་ ༢༠ མཇུག་དང་དུས་རབས་ ༢༡ འགོ་སྟོད་དུ་ནང་སེམས་དང་སེམས་ཚོར་གྱི་རྣམ་གཞག་ལ་གཞི་ནས་དོ་སྣང་གསར་པ་ཞིག་སླེབས་ཡོད། ང་ཚོས་ཆོས་ལུགས་ལ་མ་རྟེན་པར་ནང་གི་རིན་ཐང་བྱམས་པ་དང་བརྩེ་བ་སོགས་གོང་མཐོར་ཇི་ལྟར་གཏོང་དགོས་མིན་ཐོག་བསམ་བློ་གཏོང་དགོས།
དེར་བརྟེན་ངོས་ཀྱིས་ཆོས་ལུགས་ཀྱི་རྒྱ་ལས་བརྒལ་བའི་བཟང་སྤྱོད་ secular ethics གོང་མཐོར་གཏོང་དགོས་བརྗོད་སྐབས། ཆོས་ལ་མ་གུས་པ་དེ་འདྲ་རྩ་བ་ནས་མིན་པར་ཆོས་ལུགས་ཚང་མར་གུས་བརྩི་ཞུས་པའི་ཐོག་ནས་བརྗོད་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་གྲུབ་བསྟུན། མང་ཚོགས་ཀྱི་དྲི་བར་བཀའ་ལན་སྩལ་ཡོད་པ་བཅས།།