ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །སྔོན་ཕྱི་ཟླ་ ༡ ཚེས་ ༢༩ ཉིན་བཀའ་ཤག་གིས་བོད་ནང་ཡོད་པའི་བོད་མི་ཚོར་དགོས་མེད་བཙོན་འཇུག་དང་། འཇུ་བཟུང་། གནོད་སྐྱོན་རིགས་ཡོང་གཞི་ངོ་རྒོལ་གྱི་ལས་འགུལ་སོགས་མི་གནང་བའི་འབོད་སྐུལ་ཞིག་ཞུས་ཡོད། འབོད་སྐུལ་དེའི་ནང་བཀའ་ཤག་ནས་བོད་ནང་ཡོད་པའི་བོད་མི་ཚོར་རྒྱ་རིགས་མི་མང་དང་འགལ་རྐྱེན་སོགས་མི་ཡོང་བའི་འབོད་སྐུལ་ཡང་ཞུས་ཡོད།
བློ་ཕམ་སྐྱེ་འོས་པ་ཞིག་ལ་སྐབས་དེ་དུས་ནས་དོན་དངོས་ཐོག་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཀྱི་ས་ཁུལ་ཁྱོན་ཡོངས་སུ་དམག་དཔུང་ཁ་སྣོན་འགྲེམས་སྤེལ་བྱས་ཏེ་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད། བོད་ཀྱི་རྒྱལ་ས་ལྷ་སས་མཚོན། བླ་བྲང་བཀྲ་ཤིས་འཁྱིལ་དང་། རེབ་སྐོང་། ཁམས་ལི་ཐང་། དེ་མིན་བོད་ཀྱི་ས་གནས་ཁག་ནང་དམག་དཔུང་ཕར་མ་མངགས་གཏོང་གིས་བོད་ནང་གི་ཛ་དྲག་གནས་སྟངས་མངོན་གསལ་འདོད་པོ་ཆགས་ཡོད།
ཉེས་ཆར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔོན་རིགས་ཚོས་བོད་མིའི་ངོ་རྒོལ་གྱི་ནུས་པ་འཚར་གཅོད་སླད་མི་མང་གི་དམག་འཁྲུག་རྒྱག་དགོས་པའི་ཐག་གཅོད་ཀྱི་གསལ་བསྒྲགས་ཅིག་བྱས་འདུག དེ་ནི་དམིགས་བསལ་གྱིས་ཁོང་ཁྲོ་སློང་གཞི་ཞིག་དང་གྲང་ཉུང་མི་རིགས་ཀྱི་དཀའ་ངལ་ཇེ་ཆེར་གཏོང་སླད་རྒྱུད་སྐུལ་བྱེད་ཆེད་ཡིན།
རྒྱ་ནག་གི་དཔོན་རིགས་ཚོས་བོད་ནངཕྱི་རྒྱལ་ཡུལ་འཁོར་སྤྲོ་འཆམ་པ་བཀག་སྡོམ་བྱས་པ་དེས་ཁོ་པ་ཚོས་བོད་ནང་གི་གནས་སྟངས་བརྟན་ལྷིང་ཡོད་ཚུལ་བཤད་པ་དེ་དང་རྒྱབ་འགལ་ཡིན་པ་གསལ་པོ་མཚོན་ཡོད།
བོད་མི་ཚོས་ཞི་བའི་ཐོག་ནས་སོ་སོའི་མངོན་འདོད་དང་འདོད་བློ་མི་ཁེངས་པའི་རྣམ་འགྱུར་གསལ་སྟོན་བྱས་པར་རྒྱ་ནག་གཞུང་གིས་སྡེ་དགེ་དང་། མཛོ་སྒང་། ལི་ཐང་དེ་མིན་བོད་ཀྱི་ས་ཁུལ་ཁག་ནང་བོད་མི་འཇུ་བཟུང་དང་། བཙོན་འཇུག སྡུག་སྦྱོང་མནར་གཅོད་བཅས་བཏང་དང་གཏོང་བཞིན་པར་བོད་གཞུང་བཀའ་ཤག་ལ་བློ་འཚབ་ཆེན་པོ་བྱུང་།
བཀའ་ཤག་ནས་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་ཚོསཕྱི་ལོ་ ༢༠༠༨ ལོར་བོད་ནང་གི་ཡ་ང་བའི་འགྲོ་བ་མིའི་ཐོབ་ཀྱི་གནས་སྟངས་གསལ་སྟོན་བྱེད་ཆེད་རང་གི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་མཁན་དེ་དག་ལ་གུས་བཀུར་མཚོན་ཆེད་དུ་འདི་ལོའི་ལོ་གསར་ལ་དགའ་སྟོན་མི་བྱེད་པའི་ཐག་གཅོད་དེར་རྒྱབ་སྐྱོར་ཞུ་རྒྱུ་དང་། ལས་འགུལ་དེ་ཡང་བོད་མིའི་རིག་གཞུང་དང་མཐུན་པའི་ཞི་བདེ་དངབཟང་སྤྱོད་དང་བཅས་པའི་ཐོག་ནས་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
བཀའ་ཤག་གི་ངོས་ནས་ལྷག་དོན་བོད་ནང་རྡུང་རྡེག་ཚ་ནན་གྱི་ལས་འགུལ་བསྐྱར་དུ་སྤེལ་བ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་ཆབ་སྲིད་བསམ་བློའི་ལས་འགུལ། དེ་བཞིན་འདི་ལོའི་ལོ་གསར་ངེས་པར་དུ་གཏོང་དགོས་པའི་བཙན་བཀའ་བཏང་བར་བོད་གཞུང་བཀའ་ཤག་ལ་དམིགས་བསལ་གྱིས་བློ་ཕམ་བྱུང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔོན་རིགས་ཚོས་དམག་དཔུང་གི་སྟོབས་ཤུགས་ངོམ་པ་དང་། རྡུང་རྡེག་ཚ་ནན་གྱི་ལས་འགུལ་སྤེལ་བ་དེ་དག་ང་རྒྱལ་སློང་གཞིའི་བྱ་སྤྱོད་ཅིག་ཡིན་པར་ངེས་ཤེས་སྐྱེས་བྱུང་། གནས་ཚུལ་དེ་དག་ལ་ལྟོས་ནས་བཀའ་ཤག་གི་ངོས་ནས་སླར་ཡང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔོན་རིགས་ཚོར་རྡུང་རྡེག་ཚ་ནན་གྱི་ལས་འགུལ་མཚམས་འཇོག་དང་། དངོས་སུ་ཁྱབ་བསྒྲགས་མ་བྱས་ཀྱང་དོན་ངོ་མའི་དམག་དོན་གྱི་བཀའ་རྒྱ་བསྡམས་ཏེ་ན་བོད་མིར་བཙན་གནོན་བྱེད་པའི་ལས་འགུལ་དེ་ཕྱིར་བསྡུ་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།བོད་ནང་གི་ཛ་དྲག་དང་ཡ་ང་བའི་གནས་སྟངས་དེ་དག་ལ་གཞིགས་ཏེ་བོད་གཞུང་བཀའ་ཤག་ངོས་ནས་རྒྱལ་སྤྱིའི་གྲོས་ཚོགས་ཁག་དང་། གཞུང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ། དེ་བཞིན་བོད་དོན་ཐོག་ལ་སེམས་ཁུར་གནང་མཁན་སྒེར་གྱི་མི་སྣ་ཁག་བཅས་ནས་དོ་ཁུར་ཆེན་པོའིི་ཐོག་བར་འདུམ་གནང་སྟེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་ཚོད་འཛིན་བྱེད་དགོས་པའི་ནན་སྐུལ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔོན་རིགས་ཚོས་ངེས་པར་དུ་མཁྱེན་དགོས་པ་ཞིག་ལ་བཙན་གནོན་དང་དམག་དཔུང་གི་ཐོག་ནས་དཀའ་ངལ་གང་ཡང་སེལ་ཐུབ་རྒྱུ་མིན་པ་དང་། བཟོད་བསྲན་དང་གྲོས་མོལ་གཉིས་ནི་བོད་ནང་བརྟན་ལྷིང་ཡོང་རྒྱུའི་ཐབས་ལམ་གཅིག་པུ་དེ་ཡིན།
བོད་གཞུང་བཀའ་ཤག་ནས།
ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༡ ལ།།