༢༠༡༢ ཟླ་ ༡༠ ཚེས་ ༡༡ རེས་གཟའ་ཕུར་བུ།
༄༅། །རྒྱ་ནག་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པར་བརྟེན་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༦ ཉིན་སྐྱེས་ཡུལ་མདོ་སྨད་གཙོད་གྲོང་ཁྱེར་སྣ་བུག་ཞང་རྡོ་དཀར་རུ་ཆེན་ནས་ཡིན་པ་རང་ལོ་ ༢༧ ཅན་གྱི་རྒྱལ་གཅེས་པ་སངས་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་གི་དྲག་གནོན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་སྟབས། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༠ ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་མཆོད་འབུལ་སྨོན་ལམ་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་སྐུ་ཚབ་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གིས་མཆོད་འབུལ་དང་འབྲེལ་བའི་གསུང་བཤད་གནང་དོན། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གིས་དབུས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་གཙོས་ལས་བྱེད་ཆེ་ཕྲ་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་འགན་འཛིན་ལས་སྣེ་རྣམ་པ། འདུ་འཛོམས་བྱུང་བའི་མང་ཚོགས་དང་བརྩེ་བའི་སློབ་ཕྲུག་རྣམ་པར་སྙན་སེང་ཞུ་རྒྱུར། རྒྱ་ནག་དམར་པོའི་གཞུང་གི་བོད་བཙན་བཟུང་བྱས་པ་ནས་བཟུང་། བོད་མི་རིགས་དང་རྩ་ཆེ་ཆོས་དང་རིག་གཞུང་ཁོར་ཡུག་དེ་དག་རྩ་མེད་བཟོ་རྒྱུའི་གཏིང་ཟབ་ཀྱི་སྲིད་བྱུས་དྲག་གནོན་གྱི་ཐོག་ནས་ལག་ལེན་རྒྱུན་མཐུད་བྱས་དང་བྱེད་བཞིན་ཡོད་པ་དེར་བོད་ཕྱི་ནང་གཉིས་ཀྱི་བོད་མིར་བཟོད་ཐབས་མེད་པའི་གནས་སྟངས་ཤིག་ཆགས་ཡོད། བོད་ནང་ལ་བོད་མི་ཚོ་གྲངས་ཉུང་མི་རིགས་སུ་འགྱུར་རྒྱུ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ཐོག་ནས་ཆོས་དད་རང་དབང་དང་། སོ་སོའི་སྐད་ཡིག་མེད་པ་བཟོ་རྒྱུ། ཕ་མེས་ནས་ཡོད་པའི་འཚོ་ཐབས་བྱ་རྒྱུར་ཡང་བཀག་འགོག་བྱེད་བཞིན་ཡོད། དེ་བཞིན་བོད་མི་རིགས་ཀྱི་རྣམ་པ་རིམ་བཞིན་རྩ་བརླག་ཏུ་གཏོང་རྒྱུའི་ཛ་དྲག་གནས་སྟངས་སུ་གྱུར་ཡོད།
མདོར་ན། བོད་ནང་བོད་མི་ཚོར་ཞི་རྒོལ་གྱི་ཐབས་ལམ་སྐད་འབོད་དང་ཞུ་གཏུག ཁྲོམ་སྐོར་སོགས་རྒྱ་ནག་ནང་གི་མི་མང་ལ་ཡོད་པ་ལྟར་རྩ་བ་ནས་མེད། གལ་སྲིད་ཞུ་འབོད་སོགས་བྱས་ཀྱང་ཉེས་འགེལ་སྣ་ཚོགས་ཐོག་ནས་ཁྲིམས་ཆད་འདྲ་མིན་བཏང་དང་གཏོང་བཞིན་པའི་གནས་སྟངས་ཆགས་ཡོད། དེ་ལྟ་བུའི་གནས་སྟངས་འོག་ནས་བོད་མི་ཚོས་ཕྱི་ལོ་ ༢༠༠༩ ནས་བཟུང་རང་ལུས་མེར་སྲེག་ཐོག་ནས་རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་ལ་ཞི་རྒོལ་གྱི་ལས་འགུལ་སྤེལ་དགོས་ཐུག་པའི་གནས་སྟངས་ཤིག་ཡོད། བོད་ནང་གི་བོད་རིགས་སྤུན་ཟླ་ལྔ་བཅུ་ལྔ་བཞིས་རང་ལུས་མེར་སྲེག་བཏང་ཡོད་པའི་ཁྲོད་ནས་བཞི་བཅུ་ཞེ་བཞི་འདས་གྲོངས་སུ་གྱུར་ཡོད། དེའི་འགན་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཡོད། རྒྱ་ནག་གཞུང་གི་དངོས་དོན་དང་མི་མཚུངས་པའི་འགྲེལ་བརྗོད་གང་བྱེད་ཀྱི་ཡོད་ཀྱང་། དོན་དངོས་ཐོག་བོད་ནང་དམ་བསྒྲགས་བཙན་གནོན་གྱིས་རྐྱེན་པས་གནས་སྟངས་དེ་འདྲ་ཞིག་ཆགས་ཡོད་པ་འཛམ་གླིང་ནང་ཀུན་གསལ་ཡིན། བྱེས་ལ་ཡོད་པའི་བོད་མི་ཚོའི་ངོས་ནས་བཀའ་ཤག་དང་སྤྱི་འཐུས་གཉིས་ཀྱི་དབུ་ཁྲིད་པའི་ལམ་སྟོན་འོག་བོད་མི་ཚང་མས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་རང་ལུས་ཚུན་ཆད་བློས་གཏོང་གནང་མཁན་སྤུན་ཟླ་རྣམས་ཀྱི་རྒྱལ་ཞེན་སྙིང་སྟོབས་ལ་རྗེས་དྲན་དང་མྱ་ངན། གུས་བརྩི། གདུང་སེམས་མཉམ་སྐྱེ་ཞུས་དང་ཞུ་བཞིན་ཡོད་པ་མ་ཟད། ལྷག་པར་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་མངོན་འདོད་དང་རེ་འདོད་མཚོན་པའི་འབོད་སྒྲ་ཡང་ཕྱིའི་རྒྱལ་ཁབ་ཁག་ཏུ་གསལ་བསྒྲགས་བྱེད་ཐུབ་རྒྱུ་དང་། དེ་བཞིན་བོད་ནང་གི་བོད་མིའི་དཀའ་ངལ་མགྱོགས་མྱུར་སེལ་ཐུབ་རྒྱུའི་འབད་བརྩོན་བྱ་རྒྱུ་ང་ཚོའི་ལས་འགན་རེད། བཀའ་སྤྱི་གཉིས་ནས་ཞུས་པ་ལྟར། ཨ་རི་གཙོས་པའི་རྒྱལ་ཁབ་མང་པོའི་ངོས་ནས་དེ་ཚོའི་ཐོག་ལ་ཐུགས་སྣང་དང་རྒྱབ་སྐྱོར་རྣམ་པ་ཐོན་དང་འཐོན་བཞིན་ཡོད། མཆོད་འབུལ་སྨོན་ལམ་ཞུ་རྒྱུ་ཡང་བྱེས་འབྱོར་བོད་མི་གང་མང་མཉམ་རུབ་ཐོག་ནས་གདུང་སེམས་མཉམ་སྐྱེའི་རྣམ་པ་མཚོན་པའི་གནས་སྟངས་གལ་ཆེན་པོ་ཞིག་དང་། ཆོས་ཕྱོགས་ཐོག་ནས་ཀྱང་བཀའ་ཤག་གི་མཆོད་འབུལ་སྨོན་ལམ་ཞུ་རྒྱུ་དེ་གལ་ཆེན་པོ་ཞིག་གཟིགས་ཀྱི་ཡོད། ད་རེས་ཀྱི་མཆོད་འབུལ་སྨོན་ལམ་ཞུ་རྒྱུ་འདི་ཟླའི་ཚེས་ ༦ ཉིན་ཆུ་ཚོད་ ༡༢ ཐོག་ཀན་ལྷོ་གཙོད་གྲོང་ཁྱེར་གྱི་རྡོ་དཀར་ཁུལ་ནས་ཡིན་པའི་ཕ་མགོན་པོ་དོན་གྲུབ་དང་། མ་མགོན་པོ་འཚོ་གཉིས་ཀྱི་བུ་རང་ལོ་ ༢༧ ལ་སོན་པ་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད། སངས་རྒྱས་རྒྱ་མཚོ་ལགས་དང་ཁོང་གི་བཟའ་ཟླ་རྡོ་རྗེ་སྐྱིད་ལགས་སུ་ཕྲུ་གུ་ལོ་ ༥། དང་ ༧། སོན་པ་ཞིག་འདུག ཁོང་གིས་རང་ལུས་མེར་སྲེག་གཏོང་སྐབས་༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། བོད་ནང་ཆོས་དང་རིག་གཞུང་རང་དབང་དགོས། ཞེས་སྐད་འབོད་གནང་འདུག ཁོང་འདས་གྲོངས་སུ་གྱུར་རྗེས་རྡོ་དཀར་གྲོང་སྡེའི་མི་མང་ཚང་མས་མྱ་ངན་གུས་འདུད་དང་།
ལྷག་པར་ཤུལ་ལུས་ནང་མི་ཚོར་གདུང་སེམས་མཉམ་སྐྱེ་ཡང་ཞུས་འདུག དེར་བརྟེན་ང་ཚོའི་ངོས་ནས་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་བོད་བསྟན་པ་ཆབ་སྲིད་དོན་དུ་ལུས་སྲོག་བློས་བཏང་གི་སྙིང་སྟོབས་ལ་རྗེས་དྲན་དང་མྱ་ངན་གུས་འདུད་ཞུ་རྒྱུ་ཙམ་མ་ཟད། ཤུལ་ལུས་ནང་མི་ཚོར་སྐྱིད་སྡུག་མཉམ་མྱོང་གི་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། དེ་རིང་སྐྱབས་མཐོའི་ནང་གསལ་ལྟར། ང་ཚོའི་སྙན་སེང་གི་སྐྱབས་འཇུག་བཞིན་ཐུགས་སྨོན་གནང་བའི་འབོད་སྐུལ་ཞུ་གི་ཡོད། གལ་ཆེ་བ་ཞིག་ལ་སངས་རྒྱས་རྒྱ་མཚོ་ལགས་ཀྱིས། བོད་ལ་སྐད་ཡིག་དང་ཆོས་དང་རང་དབང་དགོས་ཀྱི་ཡོད། ཅེས་འབོད་སྒྲའི་ནང་གསུངས་ཡོད། བོད་ནང་རྒྱ་མིའི་དྲག་གནོན་འོག་ཏུ་ཡོད་བཞིན་དུ་སོ་སོའི་སྐད་ཡིག་དང་ཆོས་དད་རང་དབང་ཐོག་དེ་ལྟར་འཐབ་རྩོད་གནང་ཐུབ་ཀྱི་ཡོད་ན། ང་ཚོ་རང་དབང་ལུང་པར་ཡོད་མཁན་རྣམ་པ་ཚོས་སོ་སོའི་སྐད་ཡིག་དང་ལྷག་པར་རིག་གཞུང་རྩ་བ་ཆོས་ཆགས་ཀྱི་ཡོད། དེ་ཚོའི་ཐོག་ཐུགས་སྣང་དང་འབད་བརྩོན་གནང་རྒྱུ་གལ་ཆེན་པོ་རེད། ཅེས་བཀའ་ཤག་ངོས་ནས་འབོད་སྐུལ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་གསུང་བཤད་གནང་ཡོད་པ་བཅས། །