༢༠༡༢ ཟླ་ ༡༠ ཚེས་ ༥ རེས་གཟའ་པ་སངས།
༄༅། །རྒྱ་ནག་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པར་བརྟེན་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༩ ཉིན་སྐྱེས་ཡུལ་ཆབ་མདོ་རྫོང་ཀརྨ་གཡུ་མཚོ་ནས་ཡིན་པ་རང་ལོ་ ༢༧ ཅན་གྱི་རྒྱལ་གཅེས་པ་གཡུང་དྲུང་ལགས་ཀྱིས་བོད་ཆས་གྱོན་ཏེ་རྒྱ་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་བ་དང་ལྷན་བོད་རང་བཙན་དགོས། རྒྱལ་བ་ཀརྨ་པ་བོད་དུ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བློ་བཟང་སེངྒེ་བོད་ཀྱི་རྒྱལ་པོ་ཡིན། བོད་ནང་གཏེར་ཁ་སྔོག་འདོན་མཚམས་འཇོག་བྱེད་དགོས་ཞེས་འབོད་ཚིག་སྒྲོག་སྐབས། ཉེན་རྟོག་པས་ལམ་སེང་འཛིན་བཟུང་གིས་བཙན་ཁྲིད་བྱས་རྗེས་ད་ལྟའི་ཆར་འདས་གསོན་ཇི་ཡིན་ཁ་གསལ་ཤེས་རྟོག་ཐུབ་མེད།
ཡང་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༤ ཉིན་བོད་མདོ་སྨད་རེབ་གོང་རོང་བོ་དགོན་པའི་དགེ་འདུན་པ་འཇམ་དབྱངས་དཔལ་ལྡན་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྨས་སྐྱོན་ཚབས་ཆེན་ཕོག་པར་བརྟེན་ཕྱི་ཟླ་ ༩ ཚེས་ ༢༩ ཉིན་གྱི་དགོང་དྲོ་རང་ཤག་ཏུ་འདས་གྲོངས་སུ་གྱུར་བའི་གནས་ཚུན་ཐོན་ཡོད། དེ་བཞིན་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ནག་ཆུ་གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་ཁམས་འབྲི་རུ་རྫོང་ཤག་ཆུ་གྲོང་བརྡལ་གྲོང་ཚོ་ཉི་ཤུ་ཡུངས་དཀར་ལྷའི་གྲོང་ནས་ཡིན་པའི་རང་ལོ་ ༤༣ ལ་སོན་པའི་བོད་མི་དགུ་འགྲུབ་ལགས་ཀྱིས། ང་ཚོ་གང་དུ་སོང་ཡང་རང་དབང་མི་འདུག བོད་ལ་རང་དབང་དགོས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་འཇུག་དགོས་ཞེས་སྐད་འབོད་གནང་བ་དང་ལྷན་རྒྱ་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་སྟབས། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༥ ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག སྤྱིར་རྒྱལ་གཅེས་པ་ཁོང་རྣམ་པ་གསུམ་གྱིས་གཙོས་ད་བར་བོད་བསྟན་སྲིད་དང་མི་རིགས། རང་དབང་གི་དོན་དུ་ལུས་སྲོག་ལོངས་སྤྱོད་བཏང་གནང་བའི་གཞིས་བཞུགས་རྒྱལ་གཅེས་པ་ཕོ་མོ་འདས་གསོན་ཡོངས་ལ་གཞུང་ཕྱོགས་ནས་གདུང་སེམས་མཉམ་སྐྱེའི་མྱ་ངན་རྗེས་དྲན་ཞུ་སླད་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤ པ་ནས་ལས་ཁུངས་ཁག་སྒོ་བརྒྱབ་སྟེ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་བརྒྱ་ཚར་འབུལ་ཤོམ་དང་འབྲེལ།
མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་རྣམ་གྲྭ་མཁན་རིན་པོ་ཆེ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སྲིད་སྐྱོང་མཆོག་གི་སྐུ་ཚབ་ཆོས་རིག་བཀའ་བློན་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གནས་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ། གཞན་ཡང་གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་དགེ་བཙུན་སྔགས་གསུམ། དེ་བཞིན་མི་མང་དང་ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་མུར་རྣམ་གྲྭའི་དགེ་བསྐོས་ནས་ཆོས་རིག་ལས་ཁུངས་ཀྱི་སྐྱབས་ཐོ་སྒྲོགས་སྦྱང་གནང་། དེ་ནས་ཆོས་རིག་བཀའ་བློན་མཆོག་གིས་མཆོད་འབུལ་སྨོན་ལམ་དང་འབྲེལ་བའི་གསུང་བཤད་གནང་རྗེས་ཕྱི་དྲོ་ཆུ་ཚོད་ ༥ བར་སྨོན་ལམ་གསུང་འདོན་གནང་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་དང་དགེ་བཙུན་སྔགས་གསུམ་ལ་སྐུ་འགྱེད་ཧིན་སྒོར་ ༥༠ ཕུལ་ཡོད་པ་བཅས། །