༢༠༡༢ ཟླ་ ༡༠ ཚེས་ ༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༥ ཉིན་རྡ་སའི་ཉེ་འགྲམ་གྷ་རོ་ཌར་ (Gharoh) ཞེས་པའི་རྒྱ་གར་གྲོང་གསེབ་ཏུ་ཆགས་པའི་བཙུན་དགོན་འཇམ་དབྱངས་ཆོས་གླིང་རིགས་ལམ་སློབ་གཉེར་ཁང་དུ་ཆོས་རིག་ལས་ཁུངས་དང་བོད་ཀྱི་བཙུན་མའི་ལས་འཆར་ཐུན་མོང་གི་གོ་སྒྲིག་ཐོག་སྐབས་བཅོ་བརྒྱད་པའི་བཙུན་མའི་འཇང་དགུན་ཆོས་དབུ་འཛུགས་གནང་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་། བཙུན་མའི་ལས་འཆར་གྱི་ངེས་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག རྡ་སའི་ཉེ་འགྲམ་དགོན་སྡེ་གྲྭ་ཚང་ཁག་གི་མཁན་ལས་སྐུ་ཚབ། དབུས་བུད་མེད་ཚོགས་པའི་སྐུ་ཚབ། དེ་བཞིན་དཔེ་ཁྲིད་དགེ་རྒན་རྣམ་པ། བལ་ཡུལ་དང་རྒྱ་གར་ལྷོ་ཕྱོགས། ཁུ་ནུ་སོགས་ཀྱི་བཙུན་དགོན་ཁག་བདུན་ནས་མཉམ་ཞུགས་བའི་བཙུན་མ་བཅས་ཁྱོན་བཙུན་མ་གྲངས་ ༣༥༠ བརྒལ་བ་ལྷན་འཛོམས་ཐོག་ཞལ་འདོན་དབུ་འཛུགས་ཀྱིས་རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་ཕུལ། དེ་ནས་འཇམ་དབྱངས་ཆོས་གླིང་གི་དབུ་འཛིན་མཁན་པོ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་རྟེན་གཙོར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་སྐུ་མགྲོན་རྣམས་ཀྱིས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་འདུ་ཁང་གི་རྟེན་གཙོར་མཇལ་དར་ཕུལ། དེ་རྗེས་འཇམ་དབྱངས་ཆོས་གླིང་གི་དབུ་འཛིན་མཁན་པོ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་འཇང་དགུན་ཆོས་གོ་སྒྲིག་གནང་ཕྱོགས་དང་འབྲེལ་བའི་སྐོར་ངོ་སྤྲོད་དང་བཙུན་མའི་ལས་འཆར་གྱི་ངེས་སྟོན་པ་རིན་ཆེན་མཁའ་འགྲོ་མཆོག་གིས་ལམ་སྟོན་གསུང་བཤད་གནང་།
དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདི་གར་ཕེབས་པའི་བཙུན་མའི་ལས་འཆར་ཁང་གི་ངེས་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་དབུས་མཁན་པོ་རྣམ་པ་དང་། དགེ་རྒན་རྣམ་པ། སྐུ་ཚབ་ཏུ་ཕེབས་པ་རྣམ་པ་ཚང་མར་ངས་ཆོས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་འདིར་བཙུན་པའི་འཇང་དགུན་ཆོས་སྐབས་ ༡༨ འདི་ཆོས་རིག་ལས་ཁུངས་དང་བཙུན་མའི་ལས་འཆར་ཐུན་མོང་ནས་གོ་སྒྲིག་ཞུས་པའི་དབུ་འབྱེད་མཛད་སྒོ་འཚོགས་བཞིན་ཡོད། ང་རང་འདིར་བཅར་རྒྱུའི་གོ་སྐབས་ཐོབ་པར་ཧ་ཅང་དགའ་པོ་བྱུང། གོང་དུ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་འཇང་དགུན་ཆོས་གལ་ཆེན་ཡིན་སྐོར་གསུངས་པ་ལྟར། བཙན་བྱོལ་སྤྱི་ཚོགས་ནང་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། སྤྱིར་བཏང་ང་ཚོ་ནང་པའི་ཆོས་དེ་བཞིན་གལ་ཆེན་པོ་དང་རྩ་ཆེན་ཡིན་པ་འཛམ་གླིང་འདི་ནས་རྩི་བཞིན་ཡོད། དེར་བརྟེན་བཙུན་དགོན་ཁག་སོགས་སུ་ནང་པའི་ཆོས་ཉམས་ལེན་བྱེད་མཁན་ཚོས་ལག་བསྟར་ཡག་པོ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ང་ཚོ་བོད་པར་འཛམ་གླིང་འདི་ཐོག་ནས་གཞན་དང་མི་འདྲ་བ་ཞིག་རྩི་བཞིན་ཡོད་པ་དེ་ནི་ནང་ཆོས་ལ་བལྟས་ནས་བྱུང་བ་ཞིག་རེད་མ་གཏོགས་ང་ཚོར་གཞན་གང་ཡང་མེད། འཛམ་གླིང་འདིའི་ཐོག་དེ་སྔོན་ནས་ཞུས་པ་ལྟར། ནང་པའི་སྤྱི་ཚོགས་བདུན་བརྒྱ་ལྷག་ཡོད་སྐོར་བརྗོད་ཀྱི་འདུག དེ་དག་ཁ་བྱང་སོགས་ང་ཚོར་གང་ཙམ་ཞིག་རག་ཡོད། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་བཙན་བྱོལ་དུ་བོད་མི་ཁྲི་བརྒྱད་ཙམ་སླེབས་ཡོད། སྐབས་དེ་དུས་གདན་ས་དང་ཆོས་བརྒྱུད། བཤད་གྲྭ་ཁག་སོགས་ནས་ཕེབས་པའི་ཕལ་ཆེར་དགེ་འདུན་པ་སྟོང་ཕྲག་གཅིག་གཉིས་ཙམ་ཞིག་ཡོད།
སྤྱིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཡང་སྒོས་ཁོང་རྣམ་པས་སྐུ་ལས་བསྐྱོན་པའི་བཀའ་དྲིན་ལ་བརྟེན་ནས་ནང་ཆོས་ཀྱི་བསྟི་གནས་དང་གཟི་བརྗིད་འཛམ་གླིང་འདིའི་སྟེང་ཁྱབ་ཐུབ་པ་བྱུང་ཡོད། ང་ཚོ་བོད་མི་རིགས་ལ་ཐུན་མིན་གྱི་རིག་གཞུང་ཁྱད་པར་ཅན་ཞིག་ཡོད་སྟབས། འཛམ་གླིང་འདི་ནང་ནས་ང་ཚོར་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་གི་ཡོད། དེར་བརྟེན་ང་ཚོས་རིག་གཞུང་དེ་དག་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ང་ཚོ་ཆོས་རིག་ལས་ཁུངས་ལ་དགོན་སྡེ་ཁག་གི་བསླབ་པ་སློབ་གཉེར་ཙམ་མ་ཟད། མཐུན་རྐྱེན་ཡར་རྒྱས་གཏོང་རྒྱུའི་འགན་འཁྲི་ཡོད་པ་ལྟར། མ་འོངས་པར་ཡར་རྒྱས་གཏོང་ཕྱོགས་སོགས་ཀྱི་ཐོག་ལ་འཆར་གཞི་སྒྲིག་བཞིན་ཡོད། ཅེས་སོགས་དང་།
ལྷག་པར་བཀའ་བློན་མཆོག་གིས་གསུང་དོན། ཁྱེད་རང་ཚོས་གནང་ཐུབ་ན། ངས་གོང་དུ་ཞུས་པ་ལྟར། གནང་སའི་ཁོར་ཡུག་དགེ་བཤེས་མ་དང་རིགས་གཅིག་རྐང་འཛིན་སོགས་གང་ཞིག་གནང་རུང། བཙུན་མའི་ལས་འཆར་དང་ཆོས་རིག་ལས་ཁུངས་ནས་ཁྱེད་རང་ཚོར་བརྒྱ་ཆ་བརྒྱ་ཐམ་པ་རྒྱབ་སྐྱོར་དང་མཐུན་རྐྱེན་བསྐྲུན་རྒྱུ་ཡིན། འོན་ཀྱང་ཁྱེད་རང་ཚོའི་ངོས་ནས་མ་གནང་བ་ཡིན་ན། ང་ཚོར་བྱ་རྒྱུ་གང་ཡང་མེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཤེས་རིག་ཐོག་འཆར་གཞི་ཧ་ཅང་སྤུས་དག་ཅིག་བཟོས་ཡོད། ཆོས་རིག་ལས་ཁུངས་ནས་ཀྱང་དགོན་སྡེ་ཁག་ནང་གི་མཁས་པ་རྣམས་ལ་རྒྱབ་སྐྱོར་དང་མཐུན་རྐྱེན་བསྐྲུན་རྒྱུ་ཡིན། དེ་བཞིན་བཙུན་དགོན་ཁག་ནས་བཙུན་མ་མཁས་པ་དེ་འདྲ་ཐོན་ན་དེ་མཚུངས་མཐུན་རྐྱེན་བསྐྲུན་རྒྱུ་ཡིན། མཐའ་དོན། ཞུ་རྒྱུར་འདི་གའི་མཁན་པོ་རྣམ་པས་དབུས་དགེ་རྒན་རྣམ་པས་ཧུར་ཐག་འབད་ཐག་གནང་བཞིན་ཡོད་པར་བརྟེན། ཆོས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འོན་ཀྱང་མ་འོངས་པར་མཁན་པོ་དང་དགེ་རྒན་གནང་ཐུབ་པ་སོགས་ཁྱེད་རྣམ་པས་གནང་དགོས་པ་ཞིག་ཆགས་ཡོད། ཅེས་གསུང་བཤད་གནང་ཡོད།
དེ་ནས་འཇམ་དབྱངས་ཆོས་གླིང་གི་དྲུང་ཡིག་གིས་ཐུགས་རྗེ་ཆེ་ཞུས་རྗེས་ཤིས་བརྗོད་སྨོན་ལམ་གསུང་ཏེ་མཛད་སྒོ་གྲོལ།
ད་ཐེངས་བཙུན་མའི་འཇང་དགུན་ཆོས་འདིར་བལ་ཡུལ་དང་རྒྱ་གར་ལྷོ་ཕྱོགས། ཁུ་ནུ། རྡ་སའི་ཉེ་ཁུལ་བཅས་ཀྱི་དགོན་སྡེ་ཁག་བདུན་ནས་ཁྱོན་བཙུན་མ་གྲངས་ ༣༤༦ མཉམ་ཞུགས་ཀྱི་དུས་ཡུན་ཟླ་བ་གཅིག་རིང་ཚད་མ་རྣམ་འགྲེལ་གཙོ་བོ་གྱུར་བའི་གཞུང་ཆེན་ཁག་ལ་འཆད་སྤེལ་གནང་རྒྱུ་ཡིན་འདུག གཞན་ཡང་འཇམ་དབྱངས་ཆོས་གླིང་བཙུན་དགོན་འདི་ནི་ཕྱི་ལོ་ ༢༠༠༩ ཟླ་ ༥ ཚེས་ ༡༦ ཉིན་རྟེན་དང་བརྟེན་པར་བཅས་གསར་བཞེངས་ལེགས་པར་གྲུབ་སྟེ་ཉིན་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་རབ་གནས་མཛད་ཡོད་པ་བཅས།།