༢༠༡༢ ཟླ་ ༡༠ ཚེས་ ༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༤ ཉིན་འདི་གར་ཕ་རན་སི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༩ ཚེས་ ༢༩ དང་ ༣༠ བཅས་ཉིན་གཉིས་རིང་ཕ་རན་སི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ལེ་ཝོར་ Lavaur ཞེས་པའི་ནང་ཕ་རན་སིའི་གྲོང་སྡེ་ལས་ཁུངས་དྲུག་གིས་བོད་ཀྱི་གྲོང་གསེབ་དྲུག་ལ་གཅེས་སྐྱོང་(Adopt) གནང་རྒྱུའི་ཐག་གཅོད་བྱུང་བའི་མཛད་སྒོ་ཚོགས་ཡོད། མཛད་སྒོའི་སྐབས་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་དང་ཕ་རན་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་མཉམ་ཞུགས་གནང་ཡོད། སྐབས་དེར་ཕ་རན་སིའི་གྲོང་ཁྱེར་དྲུག་དང་གྲོང་སྡེ་ལས་ཁུངས་གཉིས་ཀྱི་སྤྱི་ཁྱབ་པ་རྣམས་ཆེད་ཕེབས་གནང་ཡོད།
དེ་ཡང་གྲོང་ཁྱེར་དེ་དག་ནི།
༡༽ལ་ཝེ་ལ་ནེ་ཏི་ ཌེ ཀོ་མིང་གེ་སི་ Lavelanet-de-Comminges ཞེས་པས་བོད་ཀྱི་གྲོང་ཁྱེར་སྣར་ཐང་ལ་གཅེས་སྐྱོང་གནང་རྒྱུ་དང།
༢༽ གྲོང་ཁྱེར་གེན་སག་ སུར་ ག་རོན་ནེ་ Gensac-sur-Garonne ཞེས་པས་དགའ་གདོང་ལ་གཅེས་སྐྱོང་གནང་རྒྱུ།
༣༽གྲོང་ཁྱེར་བྷཀ་སིས་ Bax རོང་ལ་གཅེས་སྐྱོང་གནང་རྒྱུ།
༤༽ གྲོང་ཁྱེར་ཀར་བྷོ་ནེས་Carbonne སྣ་དཀར་རྩེ་ལ་གཅེས་སྐྱོང་གནང་རྒྱུ།
༥༽ གྲོང་ཁྱེར་ལ་ཊི་ར་པེས་ Latrape རི་ཝོ་ཆེ་ལ་གཟིགས་རྟོག་གནང་རྒྱུ།
༦༽ གྲོང་ཁྱེར་མེལ་ཧོ་ལ་སིས་ Mailholas རྡོ་རྗེ་གླིང་ལ་གཅེས་སྐྱོང་གནང་རྒྱུ་ཡིན་འདུག
དེ་ཡང་མཛད་སྒོའི་སྐབས་གོང་འཁོད་ཕ་རན་སི་གྲོང་ཁྱེར་དྲུག་གི་གྲོང་ཁྱྱེར་སྤྱི་ཁྱབ་པ་ཆེད་ཕེབས་གནང་བ་མ་ཟད། མཛད་སྒོ་ཚུགས་ཡུལ་གྲོང་ཁྱེར་ལེ་ཝོར་གྱི་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་བྷར་ན་ཌི་ཀ་ར་ཡོན་ Mr. Bernard Carayon མཆོག་དང་ཁུལ་དེའི་ཕ་རན་སིའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ལིན་ཌ་གུར་ཇ་ཌེ་ Mrs. Linda Gourjade མཆོག་ཀྱང་ཆེད་ཕེབས་གནང་ཡོད། སྤྱིར་ལེ་ཝོར་གྲོང་ཁྱེར་གྱིས་བོད་ཀྱི་གཙང་གཞིས་ཀ་རྩེར་གཅེས་སྐྱོང་གནང་བཞིན་ཡོད། དེ་ཡང་ཕ་རན་སིའི་གྲོང་ཁྱེར་དེ་དག་གིས་བོད་ཀྱི་གྲོང་གསེབ་ཁག་ལ་གཟིགས་རྟོགས་གནང་རྒྱུའི་དགོས་དམིགས་གཙོ་བོ་ནི། རྒྱ་ནག་གཞུང་གིས་སྲིད་བྱུས་འོག་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང། སྐད་ཡིག གོམས་གཤིས་དང་བཅས་པ་རྩ་མེད་དུ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་དང་བོད་མི་རྣམས་རང་ཡུལ་དུ་གྲངས་ཉུང་མི་རིགས་སུ་གྱུར་ཏེ་རིམ་བཞིན་བོད་ཡུལ་རྒྱ་ཡུལ་དུ་འགྱུར་རྒྱུའི་ཉེན་ཁ་ལས་སྐྱོབ་ཆེད་ཡིན་འདུག མཛད་སྒོ་གྲུབ་བསྟུན། སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་དང་ཕ་རན་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་གཉིས་ནས་གོང་བརྗོད་ཕ་རན་སི་གྲོང་ཁྱེར་དྲུག་ནང་ཕེབས་ཏེ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་བ་དང་སྦྲགས། ཕ་རན་སི་མང་ཚོགས་དང་ཆབ་སྲིད་དབུ་ཁྲིད་རྣམ་པར་བོད་དོན་ཆེད་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་འབོད་སྐུལ་ཞུས་ཡོད།
སྤྱིར་བོད་མིའི་སྐུ་ཚབ་རྣམ་གཉིས་ནས་ཕྱི་ཟླ་ ༩ ཚེས་ ༢༨ ཉིན་ལེ་ཝོར་ Lavaur གྲོང་ཁྱེར་དུ་གཞུང་འབྲེལ་མིན་པའི་ཚོགས་པ་པོ་སི་པེ་ཏི་བྷོན་ཏེན་ “Nos petit Boutain” ཞེས་པས་གོ་སྒྲིག་འོག་ཚོགས་འདུ་ཞིག་གོ་སྒྲིག་གནང་སྐབས། སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་བཙན་བྱོལ་བོད་མིའི་ཤེས་ཡོན་གནས་སྟངས་སྐོར་ངོ་སྤྲོད་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་བོད་ནང་འཛིན་བཞིན་པའི་ཤེས་ཡོན་སྲིད་བྱུས་དེས་བོད་མིའི་སྐད་ཡིག་དང་ཐུན་མིན་ངོ་བོ་རྩ་མེད་གཏོང་རྒྱུའི་ཉེན་ཁ་བཟོ་བཞིན་ཡོད་པ་མ་ཟད། བོད་མི་རྣམས་རྒྱ་ནག་ཧན་མི་རིགས་ཀྱི་ངོ་བོར་འགྱུར་རྒྱུའི་མྱུར་ཚད་ཆེ་རུ་གཏོང་བཞིན་ཡོད་སྐོར་སོགས་ངོ་སྤྲོད་གནང་ཡོད། སྐབས་དེར་ཕ་རན་སི་མང་ཚོགས་ ༡༥༠ མཉམ་ཞུགས་གནང་ཡོད་པ་མ་ཟད། མང་ཚོགས་རྣམས་ཀྱིས་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ལ་ཡི་རང་བསྔགས་བརྗོད་ཧ་ཅང་གནང་བ་མ་ཟད། འགའ་ཤས་ཀྱིས་འབྱུང་འགྱུར་བོད་མིའི་ཤེས་ཡོན་ཐོག་རོགས་རམ་གང་ཐུབ་གནང་རྒྱུའི་རྣམ་པ་ཤུགས་ཆེ་བསྟན་ཡོད་པ་བཅས།།