༢༠༡༢ ཟླ་ ༡༠ ཚེས་ ༥ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཝེ་ཇི་ནི་ཡཱ་མངའ་སྡེའི་ (Charlottesville)ཆར་ལོ་ཊི་སིལི་ནང་བསྐྱང་རྒྱུའི་མཛད་འཆར་ཁག་གྲ་སྒྲིག་གཟབ་རྒྱས་ངང་ཞུ་བཞིན་ཡོད་འདུག
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། སྐུ་ཞབས་ཌེ་ཝེ་ཌི་བྷོ་རོན་མཆོག་གིས་གོ་སྒྲིག་ཞུས་ཐོག་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གྲོང་ཁྱེར་དེའི་ནང་བསྐྱང་རྒྱུའི་ཐོག་མའི་མཛད་འཆར་དེ་གར་གནས་སྡོད་བྱེད་མཁན་གྱི་སྨན་པ་ཁག་གཅིག་དང་ད་ལྟའི་དུས་སྐབས་འདིར་འཕྲུལ་རིགས་ཤུགས་ཆེ་ཡོད་པའི་སྤྱི་ཚོགས་ནང་དེང་རབས་ཅན་གྱི་སྨན་བཅོས་ཀྱི་མཐུན་རྐྱེན་ཁྲོད་བྱམས་སྙིང་རྗེའི་ཐབས་ལམ་འཇུག་ཐབས་ཐོག་ལྷན་ཚོགས་བསྐྱང་རྒྱུ་ཡིན་འདུག ཕྱི་ཚེས་ ༡༡ ཉིན་སྨན་པའི་ལྷན་ཚོགས་ཀྱི་མཛད་འཆར་གྲུབ་མཚམས་མགོན་པོ་གང་ཉིད་མཆོག་གིས་ལྗགས་རྩོམ་མཛད་པའི་དཔེ་དེབ་དབུ་འབྱེད་བསྐྱང་རྒྱུ་ཡིན་འདུག
དེ་བཞིན་མཛད་འཆར་གོ་སྒྲིག་ཞུ་མཁན་སྐུ་ཞབས་ཌེ་ཝེ་ཌི་བྷོ་རོན་མཆོག་གིས་གསུང་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་སྟབས། ༸གོང་ས་ཏཱ་ལའི་བླ་མ་མཆོག་དེ་ཁུལ་གྱི་ས་གནས་གང་དུ་ཆིབས་སྒྱུར་བསྐྱང་ཡང་ཨ་རིའི་གཞུང་ཕྱོགས་ནས་སྐུའི་སྲུང་སྐྱོབ་ཀྱི་ཞབས་ཞུ་བསྒྲུབས་དང་སྒྲུབ་མུས་རེད། ཐེངས་འདིའི་ཆིབས་སྒྱུར་ཡང་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། ང་ཚོ་གོ་སྒྲིག་ཞུ་མཁན་ཚོས་ཆེ་མཐོང་ཆེན་པོ་ཞུ་བཞིན་ཡོད། ཅེས་གསུངས་འདུག དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་ཆར་ལོ་ཊི་སིལི་ནང་བསྐྱང་རྒྱུའི་མཛད་འཆར་གྱི་ཕྱག་ཁྱེར་ཁག་དུས་ཐུང་ནང་ཉོ་སྒྲུབ་ཟིན་ཡོད་པར་བརྟེན། ཕྱག་ཁྱེར་མ་ཐོབ་པ་ཚོར་མཛད་འཆར་ཁག་བརྙན་འཕྲིན་ཁག་ནས་གཟིགས་རྒྱུའི་མཐུན་རྐྱེན་བསྐྲུན་རྒྱུ་ཡིན་འདུག་པ་བཅས། །