༢༠༡༠ ཟླ་ ༨ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༦ ཉིན་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་ཚོགས་ཁང་དུ་ཚོགས་བཅར་བ་རྣམས་ལྷན་འཛོམས་ཐོག་ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་མར་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དུང་རྒྱ་སེར་ཕྲེང་དང་བཅས་གདན་ཞུས་ཀྱིས་མཇལ་དར་སྒྲོན་འབུལ་དང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་རྗེས་བོད་བསྟན་སྲིད་ཆེད་རང་སྲོག་བློས་བཏང་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་གནང་རྒྱུ་དང་། དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཚོགས་ཆེན་དབུ་འབྱེད་ཀྱི་གསུང་བཤད་དང་། དེ་རྗེས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཚོགས་ཆེན་དང་འབྲེལ་བའི་གསུང་བཤད་གནང་རྒྱུ། དེ་ནས་ཚོགས་མི་རྣམས་ཆ་བགོས་ལྟར་ཚོགས་ཁང་སོ་སོར་ཕེབས་ཏེ་ཚོགས་ཆུང་སོ་སོའི་ཚོགས་གཙོ་དང་ཚོགས་དྲུང་འདེམས་བསྐོ་གནང་རྗེས་ཚོགས་ཆུང་སོ་སོའི་ཚོགས་གཙོས་ཚོགས་ཆུང་གི་ལས་དོན་བྱ་ཕྱོགས་སྐོར་གཏམ་བཤད་དང་། ཚོགས་ཆུང་སོ་སོའི་ནང་ཆབ་སྲིད་དང་འབྲེལ་བའི་སྐོར་བགྲོ་གླེང་གནང་རྒྱུ་ཡིན་འདུག དེ་ཡང་ཕྱི་ཚེས་ ༢༧ ཉིན་ཆབ་སྲིད་དང་འབྲེལ་བའི་བསམ་འཆར་ཁག་ཚོགས་ཆུང་སོ་སོའི་ཕྱོགས་བསྡོམས་དང་། ཚོགས་ཆུང་སོ་སོའི་ནང་མང་གཙོ་འཕེལ་རྒྱས་དང་འབྲེལ་བའི་སྐོར་བགྲོ་གླེང་དང་། མང་གཙོ་འཕེལ་རྒྱས་དང་འབྲེལ་བའི་བསམ་འཆར་ཁག་ཚོགས་ཆུང་སོ་སོའི་ནང་ཕྱོགས་བསྡོམས་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༢༨ ཉིན་ཚོགས་ཆུང་སོ་སོའི་གྲོས་གཞི་དང་འབྲེལ་བའི་ཐོག་བགྲོ་གླེང་མུ་མཐུད་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༢༩ ཉིན་ཚོགས་ཆུང་སོ་སོའི་གྲོས་གཞི་དང་འབྲེལ་བའི་ཐོག་མུ་མཐུད་བགྲོ་གླེང་དང་། ཚོགས་ཆུང་སོ་སོའི་གྲོས་གཞི་ཁག་གི་ཐོག་བསམ་འཆར་ཇི་བྱུང་རྣམས་ཚོགས་ཆུང་སོ་སོས་ཕྱོགས་བསྡོམས་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༣༠ ཉིན་ཆབ་སྲིད་དང་། མང་གཙོ་འཕེལ་རྒྱས་སྐོར་བསམ་འཆར་ཕྱོགས་བསྡོམས་རྣམས་སྙན་སྒྲོན་དང་འབྲེལ་དོན་ཚན་རེ་རེ་བཞིན་གཏན་འབེབས་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༣༡ ཉིན་ཚོགས་ཆུང་སོ་སོའི་བསམ་འཆར་ཕྱོགས་བསྡོམས་བྱུང་བ་ཁག་མཐའ་མའི་གཏན་འབེབས་དང་། མཇུག་བསྡོམས་ཀྱི་མཛད་སྒོ་སེ་ར་བླ་སྤྱིའི་འདུ་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་ཆེན་གྱི་ཚོགས་མགོན་དུ་ཆིབས་སྒྱུར་བཀའ་དྲིན་ཆེ་སྐབས་བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་སྤོོས་སྣེས་སྔོན་བསུས་ཏེ་གདན་འདྲེན་ཞུ་རྒྱུ་དང་། དེ་ནས་དཔལ་ལྡན་བཀའ་ཤག་ནས་གསུང་བཤད་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་ཚོགས་ཆེན་མཇུག་བསྡོམས་གསུང་བཤད་གནང་རྒྱུ། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་བཀྲིན་སྩལ་རྒྱུ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་བོད་རྒྱལ་ཁབ་ཆེན་པའི་རྒྱལ་གླུ་ཕུལ་བ་དང་སྦྲགས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་རྒྱལ་ཁའི་ངང་གྲོལ་རྒྱུ་ཡིན་འདུག ཕྱི་ཟླ་ ༩ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་ལམ་བཟང་གསོལ་རས་སྩལ་ཏེ་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་བཀའ་དྲིན་རྗེས་དྲན་དང་། མགོན་པོ་གང་ཉིད་བསྟན་འགྲོ་སྤྱི་དང་ཁྱད་པར་གང་ལྗོངས་ འགྲོ་བའི་མགོན་དཔུང་དམ་པར་སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་ཅིང་བཞུགས་སུ་གསོལ་བའི་སླད་དུ་གཞིས་བྱེས་བོད་མིའི་ངོ་ཚབ་མཚོན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་བོད་གཞུང་མང་ཡོངས་ནས་གཟའ་སྐར་འབྱུང་འཕྲོད་མཆོག་ཏུ་དགེ་བའི་ཉིན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ཁྲི་རྡོ་རྗེ་འཆང་ཆེན་པོ་མཆོག་དང་རིས་མེད་ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་ རྣམ་པ་དང་། བླ་ཆེན་སྐུ་ཚབ་རྣམ་པ་དབུ་བཞུགས་ཀྱིས་གདན་ས་ཆེན་པོ་སེ་ར་ཐེག་ཆེན་ གླིང་གི་གཙུག་ལག་ཁང་དུ་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་སྣ་ལྔ་བརྒྱ་ཚར་དང་། མཆོད་ཚོགས་རྒྱས་བཤམ་ཐོག་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་ཟབ་འབུལ་དང་འབྲེལ་མདོ་ཆོག་གི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག