༢༠༡༢ ཟླ་ ༩ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གསང་བ་གསུམ་ལ་ཚུལ་བསྟན་སྐུ་གེགས་ཀྱི་རིགས་གཞར་ཡང་མི་བཞེས་པར་སྐུ་ཁམས་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་བརྟན་ཅིང། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་ཆེད་བོད་གཞུང་མང་ལྷ་མི་ཡོངས་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུའི་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་པ་ལྟར། རྣམ་གྲྭ་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་ཆོག་གྲྭ གནས་ཆུང་དང་བསྟན་མའི་སྐུ་རྟེན་རྣམ་གཉིས། བླ་སྤྲུལ་དང་བསྙེན་མཚམས་པ་ཁག་གཅིག་བཅས་དགེ་འདུན་ཞལ་གྲངས་ ༤༥ སྐོར་ནས་སྐུའི་ཚེ་སྒྲུབ་སྔོན་དུ་བཏང་སྟེ། བོད་ཟླ་ ༨ ཚེས་ ༡༣ ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༨ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་སྣ་ལྔ་བརྒྱ་ཚར་དང་ཚོགས་མཆོད་འབུལ་གཤོམ་ཐོག་མགོན་པོ་གང་ཉིད་མཆོག་ལ་བོད་གཞུང་མང་ལྷ་མི་ཡོངས་ནས་༸རྒྱལ་མཆོག་ལྔ་པ་ཆེན་པོའི་དག་སྣང་གསང་བ་རྒྱ་ཅན་ནང་བཞུགས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་མཁའ་འགྲོ་བསུན་བཟློག་དང་འབྲེལ་བའི་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦།༠༠ ཐོག་རྡོ་རྗེ་སློབ་དཔོན་འཁོན་རིགས་བསྟན་པའི་སྲོག་ཤིང་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་ཆོག་གྲྭ་འདུས་ཚོགས་ནས་སྐུའི་ཚེ་སྒྲུབ་གསུང་ཆོག་གནང་གྲུབ་མཚམས་ཆུ་ཚོད་ ༨།༣༠ ཐོག་རྣམ་གྲྭའི་དགེ་འདུན་པས་སེང་སྦྲེངས་བསྟར་སྒྲིག་ཞུས་ཐོག་ཕོ་བྲང་ཡང་སྟེང་ནས་བོད་ཀྱི་ཟློས་གར་གྱིས་ཕེབས་བརྡ་རོལ་ཆ་འབུལ་བཞིན་པར། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བཅས་ཀྱིས་སྤོས་སྣེས་སྔོན་བསུས་ཏེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་ཕོ་བྲང་གཟིམ་ཆུང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་མཚམས་དབུ་བཞུགས་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་དབུས་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་དང་། སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག དགའ་ལྡན་ཁྲི་རིན་པོ་ཆེ་མཆོག འབྲུག་ཆེན་རིན་པོ་ཆེ་མཆོག་གི་སྐུ་ཚབ་གསང་སྔགས་ཆོས་གླིང་གི་མཁན་པོ་འཇིགས་མེད་རྡོ་རྗེ་མཆོག མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་གཙོས་བོད་མི་མང་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། དམིགས་བསལ་ཚོགས་ཆེན་དུ་ཕེབས་པའི་ཚོགས་བཅར་བ་རྣམ་པ། སེར་སྐྱ་མི་མང་རྣམ་པ། དེ་བཞིན་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༦༠༠༠ བརྒལ་བའི་དབུས་སུ་དབུ་བཞུགས་མཆོག་དང་སྲིད་སྐྱོང་མཆོག་གིས་མཇལ་དར་རྐྱང་འབུལ་ཞུས་རྗེས་ཞལ་འདོན་རྒྱུན་ཆགས་གསུམ་པ་དང་། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས། གུ་རུའི་ཐུགས་དམ་གནད་བསྐུལ་སོགས་ཆོས་སྤྱོད་ཀྱི་རིམ་པ་རྣམས་གསུང་མུར། གསོལ་ཇ་འབྲས་སིལ་རིམ་བཞིན་འདེགས་འབུལ་ཞུས།
ཐོག་མར་བསུན་བཟློག་གི་ཆོ་ག་ལ་རོལ་མོ་བྱིན་འབེབས་སྐབས་བསུན་བཟློག་མའི་མཁའ་འགྲོ་རྣམས་གར་སྟབས་དང་བཅས་ནང་དུ་ཕེབས་ཏེ་སོ་སོའི་མདོག་མཐུན་གྱི་དར་སྣེ་བཟུང་སྟེ་བཞུགས་ཁྲིའི་མདུན་དུ་འཁོད། དེ་ནས་ཆོས་སྐྱོང་སྤྱན་འདྲེན་དབུ་ཚུགས། ཞལ་འདོན་ཚིག་བསྟུན་གྱིས་དབུ་བཞུགས་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་དར་སྣེ་གཅོད་འབྲེག་གནང་རིམ་བཞིན་མཁའ་འགྲོ་མ་རྣམས་སྐུ་གླུད་ཀྱི་མདུན་དུ་འཁོད། ཡོན་བདག་ནས་སྐུ་གླུད་ལ་སྒྲོན་དར་དང་མཁའ་འགྲོ་མ་འཁོར་བཅས་ལ་ཡོན་དང་། དར། དཀར་སྤྲོ། ཚོགས་བཅས་ཕུལ་ཏེ་ཕྱིར་གཤེགས།
བརྟན་བཞུགས་དངོས་གཞིར་སློབ་དཔོན་ལྷར་བསྐྱེད་སོགས་རིམ་བཞིན་གསུངས་ཏེ་རིག་འཛིན་བརྒྱུད་སྐུལ་གྱི་གསུང་ཚིག་ཐ་མ་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་བཞིན་པའི་མཚམས་སུ་རྡོ་རྗེ་སློབ་དཔོན་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་ཚེ་མདའ་སློབ་དཔོན་ལ་འབུལ་ལམ་ཞུས། དབུ་བཞུགས་སློབ་དཔོན་མཆོག་གིས་གསོལ་འདེབས་མཎྜལ་ལྗགས་བཤད་སྐབས་སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ནས་མཎྜལ་ཚོམ་བུ་ཟུར་འདེགས་ཞུས། ལྗགས་བཤད་གྲུབ་རྗེས་ཚོམ་བུ་འབུལ་བཞེས་དང་མུ་མཐུད་སྐུ་རྟེན། གསུང་རྟེན། ཐུགས་རྟེན། བུམ་པ། ཚེ་ཆང། ཚེ་རིལ། ཚེ་མདའ། ཞི་རྒྱས་དབང་དྲག བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད་བཅས་ཚིག་བསྟུན་གྱིས་འབུལ་ལམ་ཞུས་ཏེ་དབུ་བཞུགས་མཆོག་ལ་མཇལ་ཁ་སྩལ། དེ་ནས་ཚོགས་རོལ་རྗེས། སྲིད་སྐྱོང་མཆོག་གིས་མཎྜལ་འདེགས་འབུལ་ཞུས་གྲུབ་མཚམས་བླ་ཆེན་རྣམ་པ་དང་། ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པ། སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ། བཀའ་བློན་རྣམ་པ་བཅས་ཀྱིས་མཇལ་ཁ་ཞུས། འབུལ་དངོས་རྣམས་སྤྱན་བསྟར་ཞུས་རྗེས་༉༸རྒྱལ་བའི་ཞབས་བརྟན་དང་། བསམ་པ་ལྷུན་འགྲུབ། བར་ཆད་ལམ་སེལ་རྣམས་གསུང་མུར་གསོལ་ཇ་གཉིས་པ་འདེགས་འབུལ་ཞུས་ཏེ་ཡོན་འབུལ་དང་ཚོགས་བཀྱེ་འགྲེམས་ཞུས་ཡོད། སྐབས་འདིར་སོག་པོ་ནས་བཅར་བའི་གླུ་དབྱངས་དང་རོལ་ཆ་བ་གསུམ་གྱི་སོག་སྐད་ཐོག་ནས་རོལ་དབྱངས་དང་བསྟོད་གླུའི་མཆོད་སྤྲིན་འབུལ་ལམ་ཞུས།
དེ་ནས་གཏང་རག་མཎྜལ་ཆོས་རིག་བཀའ་བློན་མཆོག་གིས་འདེགས་འབུལ་དང་མཇལ་ཁ་ཞུས་གྲུབ་མཚམས་ཞལ་འདོན་ཉི་གཞོན་འཆར་ཁ་མ་དང་། ཐུབ་བསྟན་རིས་མེད་རྒྱས་པའི་སྨོན་ལམ། གསོལ་འདེབས་སྨོན་ཚིག་བདེན་པའི་རྔ་སྒྲ། བསྟན་པ་འབར་མ། མཆོག་གསུམ་ཤིས་བརྗོད་བཅས་གསུངས་མཐར་ཀ་ཁྲི་སྒྲོགས། དེ་ནས་བདེན་ཚིག་སྨོན་ལམ་བཅས་གསུངས་ཏེ་བརྟན་བཞུགས་མཛད་སྒོ་དངོས་གཞི་ལེགས་པར་གྲུབ་ནས་མགོན་པོ་གང་ཉིད་མཆོག་གཟིམ་ཆུང་ཕོ་བྲང་དུ་ཆིབས་ཞལ་བསྒྱུར་བ་བཅས། །