༢༠༡༢ ཟླ་ ༩ ཚེས ༢༦ རེས་གཟའ་ལྷག་པ།
༄༅། །ཕ་རན་སིའི་ལི་ཝེ་གན་ Le Vigan ཞེས་པའི་གྲོང་ཁྱེར་དུ་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༢ ནས་ ༢༣ བཅས་ཉིན་གཉིས་རིང་བོད་དོན་དྲིལ་བསྒྲགས་ཀྱི་མཛད་སྒོ་ཚོགས་ཡོད། མཛད་སྒོ་གོ་སྒྲིག་གནང་མཁན་ཕ་རན་སི་བོད་དོན་རྒྱབ་སྐྱོར་ཚོགས་པ་ Tibet-Languedocདང་ལི་ཝེ་གན་གྱི་གྲོང་སྡེའི་ལྷན་ཚོགས་ municipality of Le Vigan. ཟུང་འབྲེལ་ཐོག་ཡིན་འདུག དེ་ཡང་ཉིན་གཉིས་རིང་གི་མཛད་སྒོའི་སྐབས་བོད་དོན་གཏམ་བཤད་དང་བོད་དོན་དང་འབྲེལ་བའི་གློག་བརྙན་བསྟན་པ། གཞས་སྣ་འཁྲབ་སྟོན་གཟིགས་འབུལ། དེ་བཞིན་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་མོན་ཊི་་ཨེ་གུལ་ Mount Aigoual ཞེས་པའི་ཡུལ་སྐོར་སྤྲོ་འཆམ་གྱི་ས་གནས་སུ་བོད་དོན་དྲིལ་བསྒྲགས་ཆེད་གོམ་འགྲོས་གནང་ཡོད། མཛད་སྒོའི་སྐབས་སྐུ་ཚབ་དོན་ཁང་གི་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས་ཀྱིས་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་ཁང་དུ་ས་གནས་ཡུལ་མི་གྲངས་ ༡༠༠ ཙམ་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བྱུས་འོག་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་མེད་འགྲོ་རྒྱུའི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་གསུང་བཤད་གནང་ཡོད་པ་མ་ཟད། བོད་ཀྱི་ཁོར་ཡུག་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་རྒྱ་ནག་གཞུང་གིས་བོད་མི་འབྲོག་པ་རྣམས་ལ་བཙན་དབང་གིས་ཉེ་འཁོར་གྲོང་ཁྱེར་ཁག་སོགས་ཀྱི་ནང་གཏན་སྡོད་བྱེད་འཇུག་བཞིན་ཡོད་པའི་གནས་སྟངས་སོགས་ཞིབ་ཕྲ་གསལ་བཤད་གནང་ཡོད། ཕྱོགས་མཚུངས་སྐབས་དེར་བོད་ཀྱི་ཁོར་ཡུག་གནས་སྟངས་ཐོག་ཉམས་ཞིབ་གནང་མཁན་གྱི་ཚོགས་པ་ Eco-Tibet France ཞེས་པའི་ཉམས་ཞིབ་པ་སྐུ་ཞབས་ཕེ་རན་ཀོ་ཡེ་སི་བྷོན་ཛོ་ Francoise Bonzo ལགས་ཀྱིས་བོད་ཀྱི་ཁོར་ཡུག་ཐོག་ཉམས་ཞིབ་གནང་བའི་སྙན་ཐོ་མང་ཚོགས་ལ་ངོ་སྤྲོད་གནང། ཕྱི་ཚེས་ ༢༣ ཉིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་ ༡༠༠ ལྷག་ཙམ་གྱིས་ཉེ་འགྲམ་དུ་རི་ཞིག་ཡོད་པ་དེའི་རྩེར་འཛེགས་ཏེ་རི་མགོར་བོད་ཀྱི་རྒྱལ་དར་གྲངས་ ༥༡ བཙུགས་ཏེ་བོད་ནང་དུ་བོད་མི་རང་ལུས་མེར་སྲེག་གཏོང་མཁན་གྲངས་ ༥༡ མཚོན་པར་བྱས་ཡོད། སྐབས་དེར་བསང་གསོལ་དང་རྒྱལ་གཅེས་པ་འདས་གསོན་ཡོངས་ལ་སྨོན་ལམ་གསུང་འདོན་གནང་ཡོད་པ་བཅས།
བོད་དོན་དྲིལ་བསྒྲགས་ཀྱི་མཛད་སྒོ་ཚོགས་པ།
གསར་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)
འབྲེལ་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)