༢༠༡༢ ཟླ་ ༩ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །ཁལ་མུཀ་བོད་དོན་རྒྱབ་སྐྱོར་ཚོགས་པ་ Friends of Tibet Society ཐོག་མ་གསར་འཛུགས་གནང་སྟེ་མི་ལོ་ ༢༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ཆེད་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༡ ཉིན་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ Kalmyk Republic ཀྱི་རྒྱལ་ས་ཨི་ལི་སི་ཏའི་ Elista ནང་བོད་ཀྱི་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། ཉིན་དེར་བོད་དོན་བགྲོ་གླེང་ཚོགས་པ་དང་བོད་བརྒྱུད་ནང་ཆོས་ངོ་སྤྲོད། དེ་བཞིན་བོད་མིའི་ཐུན་མིན་རིག་གཞུང་འགྲེམས་སྟོན། བོད་ཀྱི་གནས་སྟངས་སྐོར་གཏམ་བཤད། བོད་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་འགྲེམས་སྟོན་སོགས་གོ་སྒྲིག་གནང་སྟེ་དུས་དྲན་གྱི་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ངང་ཞུས་ཡོད།
དེ་ཡང་མཛད་སྒོ་དེ་བཞིན་ཁལ་མུཀ་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་མཁན་དང་ཚོགས་གཙོ་གཅིག་ལྕོགས་ལྕམ་སྐུ་ཨེན་ཊོ་ནི་ན་ཀོ་ཀུའི་ཝ་ Mrs. Antonina Kookueva ལགས་ཀྱིས་དབུ་འབྱེད་མཛད་སྒོའི་གསུང་བཤད་ནང་། ཚོགས་གཙོ་མཆོག་ཕྱི་ལོ་ ༡༩༩༡ ལོར་གྲོས་ཚོགས་ཀྱི་འཐུས་མི་ཡིན་སྐབས། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ཐོག་མར་མཇལ་འཕྲད་བྱུང་བ་དང། དེ་རྗེས་ཕྱི་ལོ་ ༡༩༩༢ ལོར་ཁལ་མུཀ་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་སྟེ་ད་ཆ་མི་ལོ་ ༢༠ ཧྲིལ་པོ་སོང་རིང་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་རྒྱ་ཆེ་སྤེལ་དང་སྤེལ་མུས་ཡིན་སྐོར་ཞིབ་ཕྲ་ངོ་སྤྲོད་གནང་། དེ་རྗེས་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱས་ལགས་ཀྱིས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ལྕམ་སྐུ་མཆོག་གིས་ད་བར་ལྷག་བསམ་ཟོལ་མེད་ཀྱི་བོད་དོན་ལ་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུས་པ་དང་སྦྲགས། བཀའ་དྲིན་རྗེས་དྲན་མཚོན་སླད་ལྕམ་སྐུ་མཆོག་ལ་སྟོན་པ་ཐུབ་པའི་དབང་པོའི་ཞལ་ཐང་གཅིག་དང་མཇལ་དར། དེ་བཞིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་མཆོག་གི་ཐུག་རྗེ་ཆེ་ཞུའི་ཕྱག་བྲིས་ཤིག་བཅས་ཕྱག་རྟགས་སུ་ཕུལ། གཞན་ཡང་སྐབས་དེར་སྐུ་ཚབ་དོན་གཅོད་ཀྱིས་ཁལ་མུཀ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚབ་ཞུས་ཏེ་དུས་དྲན་མཛད་སྒོ་དང་སྟབས་བསྟུན། ཁལ་མུཀ་ནང་པའི་དབུ་ཁྲིད་ཏེ་ལོ་རིན་པོ་ཆེ་མཆོག་གིས་མི་ལོ་ ༢༠ རིང་ཁུལ་དེར་བོད་བརྒྱུད་ནང་བསྟན་དར་འཕེལ་གནང་བའི་བྱས་རྗེས་ལ་ཆེ་བསྟོད་ཞུ་ཆེད་མཇལ་དར་དང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་འཚམས་འདྲིའི་ཕྱག་བྲིས་ཤིག་ཀྱང་ཕུལ་ཡོད། རིན་པོ་ཆེ་མཆོག་ནས་ཀྱང་སྐབས་དེར་བོད་མིའི་བདེན་པའི་འཐབ་རྩོད་སྐོར་གྱི་གསུང་བཤད་གནང་བ་མ་ཟད། འབྱུང་འགྱུར་ཡང་བོད་མི་ཚོའི་ལས་འགུལ་ལ་མུ་མཐུད་རྒྱབ་སྐྱོར་ཞུ་རྒྱུ་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་ཡང་འདི་ཟླའི་ཚེས་ ༢ ཉིན་བོད་མིའི་མང་གཙོའི་དུས་དྲན་དང་སྟབས་བསྟུན། རྒྱལ་ས་ཨེ་ལི་སི་ཏེའི་ནང་ཨུ་རུ་སུའི་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱས་ལགས་དང་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་རྣམ་གཉིས་ཀྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ཐོག་མར་འགོ་འཛུགས་གནང་ཡོད་པ་བཅས།།