༢༠༡༢ ཟླ་ ༩་ཚེས་ ༢༢ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༠ ཉིན་བྷེལ་འཇམ་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཉིན་བཞི་པར་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་དང། གྲོང་སྡེ་སྤྱི་ཁྱབ། བྷེལ་འཇམ་གྲོས་ཚོགས་ཀྱི་འཐུས་མི། དེ་བཞིན་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་མི་རྣམས་ཀྱང་མཉམ་ཞུགས་ཀྱིས་བོད་མིའི་བདེན་པའི་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བཏོན་ཡོད།
དེ་ཡང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཉིན་མཐའ་མ་དེ་སྦར་སིལ་ནང་ཚོགས་པའི་ཡུ་རོབ་སྤྱི་མཐུན་དང་རྒྱ་ནག་དབར་ཚོང་འབྲེལ་ལྷན་ཚོགས་ཚོགས་སའི་མདུན་དུ་གནང་ཡོད། བདེན་པའི་མེ་ལྕེ་སྐོར་བསྐྱོད་སྐབས་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་གཙོས་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་དང། སྦར་སིལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཛིན་སྐྱོང་འགན་འཛིན་སྐུ་ཞབས་ཝིན་སེན་ཊི་མེ་ཊེན་(Vincent Metten) ལགས། བོད་རྒྱ་མཛའ་འབྲེལ་ཚོགས་པའི་རྒྱ་མིའི་འཐུས་མི་སྐུ་ཞབས་(Zhang Sili) ལགས་བཅས་ཀྱིས་གསུང་བཤད་གནང་ཡོད། སྐབས་དེར་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་བྷེལ་འཇམ་ཁུལ་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དེ་བཞིན་ལམ་ལྷོང་འདོད་བློ་ཁེངས་པ་ཞིག་བྱུང་ཡོད་སྐོར་གསུངས་པ་དང་ཆབས་ཅིག སྦར་སིལ་སྐུ་ཚབ་དོན་གཅོད་དང། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི། བྷེལ་འཇམ་ཁུལ་དུ་གནས་སྡོད་བོད་རིགས་བཅས་ལས་འགུལ་འདིའི་ནང་མཉམ་ཞུགས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། དེ་བཞིན་སྐུ་ཞབས་ཝིན་སེན་ཊི་མེ་ཊེན་ལགས་ཀྱིས་གསུང་དོན། དེ་རིང་གི་ང་ཚོའི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་འདི་ཡུ་རོབ་སྤྱི་མཐུན་དང་རྒྱ་ནག་དབར་ཚོང་འབྲེལ་ལྷན་ཚོགས་ཚོགས་བཞིན་པ་དང་དུས་གཅིག་འཁེལ་ཡོད་སྟབས་ལས་འགུལ་འདི་དམིགས་བསལ་གྱི་གལ་གནད་ཅན་ཞིག་ཏུ་གྱུར་ཡོད། ངས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་འདིར་རྒྱབ་སྐྱོར་དང་། ལས་འགུལ་འདི་བཞིན་ཡུ་རོབ་ཁུལ་དུ་ལམ་ལྷོང་ཡོང་བའི་སྨོན་འདུན་ཡོད་ཅེས་གསུངས་ཡོད། སྐབས་དེར་རྒྱ་རིགས་འཐུས་མི་སྐུ་ཞབས་ (Zhang Sili) ལགས་ཀྱིས་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་གི་དྲག་གནོན་ཅན་གྱི་དབང་སྒྱུར་ལ་ངོ་རྒོལ་གྱི་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེ་དང་། དེ་བཞིན་ཁོང་གིས་རྒྱ་ནག་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་རྐྱེན་པས་བོད་མི་གཞོན་སྐྱེས་མང་པོས་རང་ལུས་མེར་སྲེག་བཏང་སྟེ་ཚེ་སྲོག་བློས་གཏོང་གནང་དགོས་བྱུང་ཡོད་པར་བློ་འཚབ་ཡོད་སྐོར་གསུངས་ཡོད། མཐའ་མ་དེར་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་གཞུང་གི་ངོས་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་འཕྲལ་དུ་མཚམས་འཇོག་དགོས་པ་དང་། བོད་མི་རྣམས་ཀྱི་དཀའ་ངལ་དེ་སེལ་རྒྱུར་ཡུན་རིང་གནས་ཐུབ་པའི་ཐབས་ལམ་ཞིག་འཚོལ་དགོས་པའི་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་བཅས།།