༢༠༡༢ ཟླ་ ༩ ཚེས་ ༢༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་ནང་གི་བོད་ཕྲུག་ཁྱིམ་སྡེ་ཐོག་མ་ཡིན་པ་མ་སུ་རི་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཏེ་མི་ལོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་དུས་དྲན་མཛད་སྒོར་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་བྱུང་བ་རྣམས་བཀའ་སློབ་སྩལ་དོན། དེ་རིང་འདི་གར་ས་སྐྱ་ཁྲི་འཛིན་རིན་པོ་ཆེས་དབུས་བོད་རིགས་སྐུ་མགྲོན་རྣམ་པ། ང་ཚོའི་བོད་ཕྲུག་ཐོག་ལོ་མང་རིང་ནས་རོགས་རམ་གནང་མཁན་(SOS) ཚོགས་པའི་དབུ་ཁྲིད་ཀུ་ཀྲིན་དང་ས་གནས་ཀྱི་དཔོན་རིགས་རྣམ་པ་གཉིས། གཙོ་ཆེ་ང་རང་ཚོ་ཤ་ཁྲག་རུས་གསུམ་གཅིག་གྱུར་ཡིན་པའི་བོད་ཕྲུག་གཞོན་སྐྱེས་ད་ལྟ་འཚར་ལོངས་བྱེད་བཞིན་པ་ཁྱེད་རང་ཚོར་བརྗོད་རྒྱུར། དེ་རིང་འདི་གར་བོད་ཕྲུག་ཁྱིམ་སྡེ་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་དྲན་གསོའི་དུས་ཆེན་གྲ་སྒྲིག་བྱས་ཡོད་པར་ངོས་རང་ཁྱུག་ཙམ་བཅར་ཐུབ་པ་རེད། ཁྱེད་རང་ཚོས་གཟབ་རྒྱས་གནང་འདུག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གོང་དུ་གསུང་བཤད་གནང་མཁན་ཀུ་ཀྲིན་གྱིས་ལོ་རྒྱུས་ཀྱི་བྱུང་བ་དེ་དག་དང་གཙོ་བོ་ཁྱེད་ཚོས་སོ་སོའི་ལུང་པ་མ་བརྗེས་པར་སེམས་ཤུགས་བསྐྱེད་དགོས་རེད་ཅེས་གསུངས་པ་དེ་བསླབ་བྱ་གལ་ཆེན་པོ་ཞིག་ཆགས་ཡོད། དེ་ཁྱེད་རང་ཚང་མས་ངེས་པ་བྱེད་དགོས། ཁོང་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་བཞིན་འདི་གའི་རྒྱ་གར་ས་གནས་ཀྱི་གྲོས་ཚོགས་ཀྱི་འཐུས་མི་དང་ས་གནས་ཚོགས་གཙོ་ཁོང་རྣམ་གཉིས་ཀྱིས་བོད་རིགས་ཚོར་བསྔགས་བརྗོད་དང་ཆེ་བསྟོད་གནང་བར་ཧ་ཅང་དགའ་པོ་བྱུང། རྩ་བའི་ང་ཚོ་འཕགས་བོད་གཉིས་ཀྱི་འབྲེལ་བ་དེ་བར་སྐབས་བྱུང་བ་ཞིག་མིན། ལོ་ངོ་སྟོང་ཕྲག་སྔོན་གྱི་འབྲེལ་བ་ཞིག་ཆགས་ཡོད། དེང་སྐབས་འཛམ་གླིང་ཕན་ཚུན་གྱི་འབྲེལ་བ་དེ་དཔལ་འབྱོར་དང་ཆབ་སྲིད། སྐབས་རེ་དམག་དོན་ཐོག་ནས་ཡོང་གི་ཡོད། འཕགས་བོད་གཉིས་ཀྱི་འབྲེལ་བ་དེ་དགེ་རྒན་དགེ་ཕྲུག་གི་འབྲེལ་བ་རེད། ངོས་ཀྱིས་རྟག་པར་བརྗོད་བཞིན་ཡོད། བོད་གངས་ཅན་ལྗོངས་ཀྱི་མཁས་པ་ཞིག་གིས་དེ་ལྟར་གསུངས་ཡོད། གངས་ཅན་ཞིང་དེ་གངས་ཀྱི་རང་མདོག་དཀར་པོ་འོད་གསལ་བ་ཞིག་ཡོང་གི་ཡོད། འོན་ཀྱང་ཇི་སྲིད་རྒྱ་གར་མཁས་པའི་རྣམ་དཔྱོད་ཀྱི་འོད་སྣང་བོད་ལ་མ་སླེབས་བར་དུ་གངས་རིའི་ལྗོངས་དེ་མུན་ནག་ཐོག་གནས་ཡོད། རྒྱ་གར་གྱི་རྣམ་དཔྱོད་ཀྱི་སྣང་བ་དེ་བོད་ལ་ཁྱབ་རྗེས་ས་གནས་ཀྱི་གངས་རི་དཀར་པོའི་རང་བཞིན་གྱིས་འོད་གསལ་བ་ཡོད་པ་དེ་རྐྱེན་འཕྲད་ན། འོད་འཚེར་ཡོང་ཐུབ་རྒྱུ་དེ་རྒྱ་གར་མཁས་པའི་འོད་སྣང་འཕྲད་སྐབས། དངོས་གནས་གཟི་འོད་དང་ལྡན་པ་ཞིག་བྱུང་ཡོད་ཅེས་གསུངས་ཡོད། ང་ཚོ་བོད་ལ་རྒྱ་གར་ནས་དུས་རབས་བདུན་པ་དང་རྐང་དུས་རབས་བརྒྱད་པའི་ནང་གཙོ་བོ་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་རིན་པོ་ཆེ་རེད། བོད་ལ་རྣམ་དཔྱོད་ཀྱི་སློབ་སྦྱོང་སྤྲོད་མཁན་གྱི་དགེ་རྒན་གཙོ་བོ་མཁན་ཆེན་ཞི་བ་འཚོ་རེད། དེ་ནས་ཁོང་གི་རྗེས་འཇུག་སློབ་དཔོན་ཀ་མ་ལ་ཤཱི་ལ་ཕེབས་པ་རེད། དེ་དག་རྒྱ་གར་གྱི་དཔལ་ན་ལེནྡྲའི་མཁས་པ་གཙུག་རྒྱན་གྲས་ཆགས་ཡོད། བོད་ཀྱི་ཆོས་རྒྱལ་ཚོས་རྒྱ་གར་ནང་དུའང་སྐད་གྲགས་ཡོད་པའི་སློབ་གཉེར་ཁང་དཔལ་ན་ལེནྡྲའི་ནང་ནས་རིག་གནས་ཆེ་ཆུང་མཐའ་དག་ལ་མཁས་པའི་དབང་པོ། ལྷག་པར་ལྟ་གྲུབ་དང་ཚད་མའི་རྣམ་གཞག་སྐོར་ལ་ཤིན་ཏུ་མཁས་པ་ཡིན་པའི་མཁས་པ་ཞིག་བོད་དུ་གདན་ཞུ་གནང་བར་ལྟར་ཕེབས་ཏེ་ཁོང་རྣམ་པ་གཉིས་ཀྱི་མི་ཚེ་བོད་དུ་བསྐྱལ་གནང་བ་རེད། འཕགས་བོད་གཉིས་ཆོས་དང་རིག་གཞུང་གི་འབྲེལ་བ་ཆགས་ཡོད། མི་མང་པོ་ཞིག་གིས་ཆོས་ཞེས་བརྗོད་སྐབས་འདོན་པ་དང་སྨོན་ལམ་རྒྱག་རྒྱུར་གོ་བཞིན་འདུག་པས་དེ་ལྟར་མིན། སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་དེ་གཞིའི་རྣམ་གཞག་ཐོག་ནས་སེམས་ལ་བསྒྱུར་བཅོས་བཏང་སྟེ། རིམ་བཞིན་བསྒྱུར་བཅོས་ཕྱིན་པའི་གནས་སྐབས་དེར་ལམ་ཞེས་མིང་ཞིག་བཏགས་ཡོད། ལམ་དེ་བརྒྱུད་རྗེས་རང་གཞན་གྱི་དོན་སྙིང་མཐར་ཕྱིན་པ་དེར་འབྲས་བུ་ཞེས། མདོར་ན་སངས་རྒྱས་ཀྱི་ཆོས་ཀྱི་འགྲོ་སྟངས་དེ་གཞི་ལམ་འབྲས་གསུམ་བརྗོད་ཀྱི་ཡོད།
ང་ཚོ་རྒྱ་གར་དང་དགེ་རྒན་དགེ་ཕྲུག་གི་འབྲེལ་ཡོད་བརྗོད་རྒྱུ་དེ་དགེ་རྒན་གྱིས་ང་ཚོར་སློབ་སྟོན་བྱ་རྒྱུ་གཞི་དངོས་པོའི་གནས་ཚུལ་དང་འབྲེལ་བའི་ལམ་བགྲོད་པའི་རིམ་པ། དེ་ལ་བརྟེན་ནས་འབྲས་བུ་མངོན་དུ་བྱ་ཚུལ་དེ་དག་ལ་ནང་པའི་ཆོས་ཞེས་བརྗོད་ཀྱི་ཡོད། གང་ལྟར་རྒྱ་གར་གྱི་མཁས་པས་ང་ཚོར་ལམ་སྟོན་དེ་འདྲ་ཞིག་གནང་ཡོད། དེར་བརྟེན་ངོས་ཀྱིས་རྟག་པར་རྒྱ་གར་བ་ཚོར་ཁྱེད་རང་ཚོ་ང་ཚོའི་གུ་རུ་རེད། ང་ཚོ་སློབ་མ་ཆགས་ཡོད་ཅེས་བརྗོད་ཀྱི་ཡོད། ལོ་སྟོང་ཕྲག་རིང་གུ་རུའི་ལུང་པའི་ནང་ལ་འཕེལ་འགྲིབ་སྣ་ཚོགས་བྱུང་ཡོད། དཔེར་ན། སངས་རྒྱས་པའི་ཆོས་ལ་ཆ་བཞག་ན། ན་ལེནྡྲ་དང་རྟག་ཞི་ཤི་ལ། བི་ཀ་མ་ལ་ཤི་ལ་རྣམས་ཧ་ལས་པའི་ཉམས་ཆག་ཕྱིན་ཏེ་གྱང་གོག་མ་གཏོགས་ལྷག་མེད། འོན་ཀྱང་རྒྱ་གར་མཁས་པའི་བཞེད་གཞུང་དེ་དག་དྲི་མ་མེད་པ་ཞིག་ལོ་སྟོང་ཕྲག་སྟེ་དུས་ད་ལྟ་བར་དུ་ང་ཚོས་ཉར་ཚགས་བྱས་ཡོད། དེར་བརྟེན་ངོས་ཀྱིས་རྒྱ་གར་བ་ཚོར་ང་ཚོ་ནི་རྒྱ་གར་མཁས་པའི་སློབ་མ་ཙམ་མ་ཟད། དོན་དང་ལྡན་པའི་སློབ་མ་ཞིག་ཡིན། ང་ཚོས་རྒྱ་གར་མཁས་པའི་ལྟ་གྲུབ་རྒྱུན་འཛིན་ཐུབ་མཁན་གྱི་རྗེས་འཇུག་རྣལ་མ་ཞིག་བྱས་ཡོད་ཅེས་རྒྱ་གར་བ་ཚོར་རྩེད་མོ་དང་སྦྲགས་ནས་བརྗོད་ཀྱི་ཡོད། ང་ཚོ་འཕགས་བོད་གཉིས་ཀྱི་འབྲེལ་བ་དེ་དམིགས་བསལ་བ་ཞིག་རེད། ང་ཚོ་འདི་ལྟ་བུའི་ལུང་པའི་ནང་བཙན་བྱོལ་བ་ཆགས་ཡོད། སྤྱིར་བཏང་བཙན་བྱོལ་བ་ལུང་པ་འདྲ་མིན་ནང་སླེབས་སྐབས། སྐབས་རེ་ཡུལ་པ་ཚོ་དང་དཀའ་ངལ་མང་པོ་འཕྲད་ཀྱི་འདུག ང་ཚོ་བོད་པ་ཚོ་འཕགས་བོད་འབྲེལ་བ་ཧ་ཅང་ཡུན་རིང་ཡོད་པའི་ཆ་ནས་ང་ཚོ་འདི་གར་བཙན་བྱོལ་བ་ཆགས་སྐབས། ནེ་རུས་དབུ་ཁྲིད་པའི་རྒྱ་གར་གཞུང་དང་མི་མང་། དེ་བཞིན་གྲོས་ཚོགས་ནང་གི་འཐུས་མི་བཅས་ནས་ང་ཚོ་བོད་པར་དམིགས་བསལ་ལོ་རྒྱུས་ཐོག་ཡོད་པའི་སྙིང་ཉེ་བའི་མཛའ་གྲོགས་ཀྱི་འདུ་ཤེས་ཐོག་ནས་གནས་ཚང་གཡར་ཏེ། ང་ཚོ་བོད་པས་འཇོན་ན་ག་རེ་ཡིན་ཡང་བྱ་རྒྱུ་ཡོད་པའི་གོ་སྐབས་གནང་བ་རེད། གོང་དུ་རྒྱ་གར་གྱི་དཔོན་རིགས་ཁོང་རྣམ་པ་གཉིས་ཀྱིས་མ་སུ་རིའི་ཁྱད་ཆོས་གསུངས་པ་ལྟར་རེད། ཕྱི་ལོ་ ༡༩༥༩ ཟླ་ ༤ བདུན་ཕྲག་གསུམ་པའི་ནང་ངོས་རང་མ་སུ་རིར་འབྱོར་བ་རེད། ནེ་རུ་དང་ངོས་རང་ཕྱི་ལོ་ ༡༩༥༦ ལོ་ནས་ནང་ཚགས་ཆགས་ཡོད། མ་སུ་རི་གཙོ་ཆེ་ཤོས་ལྡི་ལི་དང་ཐག་ཉེ་པོ་ཡོད་སྟབས། འབྲེལ་བ་བྱ་རྒྱུ་སོགས་གང་ཅིའི་ཐོག་ནས་སླ་པོ་ཡོད་པར་བརྟེན། ང་ཚོ་མང་པོ་ཞིག་མ་སུ་རིར་སྡོད་རྒྱུའི་འདོད་བློ་ལྟ་བུ་བྱུང་ཡོད། འོན་ཀྱང་རྒྱ་གར་གཞུང་གི་འབྲེལ་ཡོད་ཚོའི་ཐོག་ནས་མ་སུ་རིར་འཕྲལ་སེ་སྡོད་ས་ལྟ་བུ་ལས། ཡུན་རིང་སྡོད་ས་རྡ་སར་གྲ་སྒྲིག་གནང་བ་རེད། དེ་དུས་ཀུན་བདེ་གླིང་རྡ་ས་གང་འདྲ་ཞིག་ཡོད་མེད་ལྟ་བར་བཏང་བ་ཡིན། ཁོང་གིས་རྡ་ས་ནས་ཕྱིར་མ་སུ་རིར་སླེབས་རྗེས་རྡ་སའི་ས་ཆ་ཧ་ཅང་ཡག་པོ་འདུག མ་སུ་རིའི་འོ་མ་ལས་རྡ་སའི་ཆུ་ཞིམ་པ་འདུག་ཅེས་བརྗོད་པ་རེད། གང་ལྟར་ས་བབས་ཀྱི་ཆ་ནས་རྡ་སའི་ས་ཆ་རྒྱ་སྐྱེད་དང་གངས་རི་ཐག་ཉེ་པོ་བྱས་ནས་ཧ་ཅང་སྙིང་རྗེ་པོ་འདུག དེ་ལྟར་བྱས་ཏེ་རྡ་སར་བསྐྱོད་པ་རེད། འོན་ཀྱང་དཀའ་ངལ་ཆེ་ཤོས་སྐབས་མ་སུ་རིར་འབྱོར་ཏེ་ལོ་གཅིག་འདིར་བསྡད་རིང་གི་ཚོར་བ་དེ་ག་དུས་ཡིན་ཡང་བརྗེད་ཀྱི་མི་འདུག་པས་ངོས་ཀྱིས་མ་སུ་རི་རྩ་བ་ནས་བརྗེད་ཀྱི་མེད། རྗེས་སུ་གནམ་གཤིས་ཡག་པོ་ཞིག་དང་དུས་ཚོད་ལྷོད་པའི་སྐབས་སུ་མ་སུ་རིར་ཡོང་གི་ཡིན།
དེ་ནས་སྐབས་སུ་བབས་པ། ང་ཚོ་མ་སུ་རིར་ཐོག་མ་འབྱོར་རྗེས་སྐབས་དེའི་ཛ་དྲག་གི་ལས་ཀ་དེ་ང་ཚོ་མ་སུ་རིར་འབྱོར་མ་འབྱོར་ནས་བོད་མི་ཁྲི་ཕྲག་ཁ་ཤས་ཤིག་དམར་འགོ་ལ་བརྒྱུད་དེ་མོན་ལ་ཡོང་རྒྱུའི་ཧ་ཅང་ཛ་དྲག་ཅིག་ཆགས་པ་རེད། དེའི་ནང་ནད་པ་དང་རྨས་མ་དེ་འདྲ་ཡང་ཡོད། སྐབས་དེར་རྒྱལ་སྤྱིའི་ཚོགས་པ་དེ་འདྲས་རོགས་རམ་ཡག་པོ་བྱས་ཡོད། ཨ་རིའི་ཛ་དྲག་ཚོགས་པ་ཞིག་བཙུགས་ཏེ་དེའི་ཐོག་ནས་རོགས་རམ་བྱས་ཡོད་ལ་གཙོ་ཆེ་ཤོས་རྒྱ་གར་གཞུང་ནས་རོགས་རམ་ཧ་ཅང་མང་པོ་བྱས་ཡོད། འོན་ཀྱང་མི་ས་མ་རི་(Missamari)ས་ཆ་དེ་ཟླ་བ་བཞི་པ་ལྔ་པར་ཚ་བ་ལང་བའི་དུས་ཚོད་འཁེལ་ཡོད་པར་བརྟེན། བོད་པ་ཚོ་ཧོབ་སྟེ་ས་གནས་དེར་འབྱོར་སྟབས་དཀའ་ངལ་ཧ་ཅང་མང་པོ་འཕྲད་ཡོད། སྔོན་ལ་ཛ་དྲག་གི་གནས་ཚུལ་ཐོག་ནས་དེ་དག་ས་བསིལ་སར་འགྲོ་རྒྱུ་ཞིག་བྱུང་ན་ཞེས་དང་། དེར་ཕྱིན་རྗེས་ཟས་གོས་ནར་གཏོང་བྱེད་མཁན་ནི་ཁག་པོ་ཡིན་པར་བརྟེན། ལས་ཀ་ཞིག་འཚོལ་དགོས་ཀྱང་ལས་ཀ་གཞན་རག་རྒྱུ་མེད་སྟབས། མང་ཆེ་བ་སྒང་ཏོག་དང་ཀུ་ལུ་སོགས་ལ་ཚོགས་ཁག་བྱས་ནས་ལམ་བཟོ་བྱེད་པར་སོང་བ་རེད། དེ་བཞིན་དགེ་འདུན་པ་སྟོང་ཕྲག་མང་པོ་ལམ་བཟོ་བྱེད་བར་བསྐྱོད་པ་རེད། ཕྱི་ལོ་ ༡༩༥༩ དབྱར་ཐོག་ལ་ཛ་དྲག་གི་ལས་ཀ་དེ་དག་མཇུག་བསྒྲིལ་རྗེས་ཕྲན་བུ་ལྷིང་འཇགས་ཡོང་སྐབས། ང་ཚོས་སློབ་གྲྭ་འཛུགས་རྒྱུ་གལ་ཆེན་པོ་འདུག་ཅེས་བརྗོད་པ་རེད། གང་ལྟར་ང་ཚོ་ཚང་མས་སོ་སོའི་ཉམས་མྱོང་ཐོག་ནས་བོད་ལ་ངོས་ཀྱིས་གོང་དུ་བརྗོད་པ་ལྟར། ལོ་སྟོང་ཕྲག་རིང་ལ་རྒྱ་གར་མཁས་པའི་གཞུང་ལ་བརྟེན་པའི་ཤེས་ཡོན་ཧ་ལས་པའི་སྤུས་དག་པོ་ཡོད། ལེགས་སྦྱར་གྱི་བཀའ་བསྟན་བཅོས་བོད་ཡིག་ནང་བསྒྱུར་སྐབས། དུས་མཉམ་དུ་བོད་ཡིག་གི་མིང་ཚིག་དེ་དག་ཡར་རྒྱས་ཕྱིན་ཏེ་མིང་ཚིག་གསར་པ་བཟོ་དགོས་པ་རྣམས་ཐད་ཀར་བཟོས་པ་དང་རྙིང་པ་རན་པ་ཡོད་ན་བེད་སྤྱོད་བྱས་པར་བརྟེན། བོད་ཡིག་དེ་ཡང་ལེགས་སྦྱར་གྱི་ཆོས་བརྒྱུད་བསྒྱུར་བ་དང་ལྷན་དུ་ཧ་ཅང་ཡར་རྒྱས་ཕྱིན་ཡོད། དེང་སྐབས་འཛམ་གླིང་འདིའི་ཐོག་དཔལ་ན་ལེནྡྲའི་ཆོས་བརྒྱུད་འགྲེལ་བཤད་ཆ་ཚང་བ་ཞིག་རྒྱག་དགོས་བྱུང་ན། བོད་ཀྱི་སྐད་ཡིག་ཡག་ཤོས་ཆགས་ཡོད། ང་ཚོ་ཆོས་ཕྱོགས་ཐོག་ནས་ཧ་ལས་པས་ཡག་པོ་རེད། འོན་ཀྱང་ཐབས་སྐྱོ་བ་ཞིག་ལ་སློབ་གཉེར་རྒྱག་སའི་ནང་མཁས་པའི་དབང་པོ། དཔལ་ན་ལེནྡྲའི་མཁས་པར་འགྲན་ཐུབ་པ་ཡོད་ཀྱང་མང་ཚོགས་རྣམས་ཧ་ལས་པའི་ཤེས་ཚད་སྐྱོ་པོ་རེད་འདུག སངས་རྒྱས་ཀྱི་ཆོས་ལ་ཞག་རྩི་ཡོད་ཀྱང་མང་ཚོགས་ལ་ཤེས་ཡོན་མེད་སྟབས། ཆོས་དེ་ཡང་གཏོར་བཅོས་དང་ཞབས་བརྟན་བྱ་རྒྱུ་ལྟ་བུའི་ཐོག་ཕྱིན་ནས་ཆོས་དེ་སླ་པོ་ཆགས་ཀྱི་འདུག ཆོས་ཕྱོགས་ཐོག་ལ་མང་ཚོགས་ཧ་ཅང་ཤེས་ཚད་སྐྱོ་པོ་རེད། འོན་ཀྱང་བོད་ཆོལ་ཁ་གསུམ་ཡོངས་རྫོགས་ནང་སངས་རྒྱས་པའི་ཆོས་སྤུས་དག་ཅིག་ཡོད་པ་དེས་ང་ཚོའི་ལུང་པ་སྲུང་ཐུབ་མེད། གང་ལ་ཞེ་ན། སངས་རྒྱས་ཀྱི་ཆོས་ཀྱི་ཐོག་ནས་སྡུག་བསྔལ་སེལ་རྒྱུ་དང་བདེ་བ་བསྒྲུབ་རྒྱུ་སྨོན་ལམ་བརྒྱབ་པ་དང་ཕྱག་མཆོད་འབུལ་བྱས་པའི་ཡོང་གི་མེད། བདེ་སྡུག་ཅེས་པ་དེ་རང་རང་གི་རྒྱུ་རྐྱེན་ལ་བརྟེན་ནས་ཡོང་གི་རེད།
ང་ཚོ་བོད་པས་དཀོན་མཆོག་མཁྱེན་ཞེས་བརྗོད་དེ་རང་ཉིད་ཀྱིས་འགུལ་བསྐྱོད་གང་ཡང་མ་བརྒྱབ་པར་བསྡད་ན་ནོར་འཁྲུལ་རེད། དཔེར་ན། ཁྱེད་རང་ཚོ་སློབ་སྦྱོང་བྱེད་མཁན་ཚོར་ཆ་བཞག་ན། འཇམ་དཔལ་དབྱངས་ལ་གསོལ་བ་བཏབ་ན་འགྲིག་པ་རེད། ཅེས་སོ་སོས་རང་སྦྱོང་མ་བྱས་པར་བསྡད་ན། མཇུག་ཏུ་ཡིག་རྒྱུགས་གཏོང་སྐབས་ཡིག་ཚད་འཕྲོད་ཀྱི་མ་རེད། འཇམ་དཔལ་དབྱངས་ལ་བྱིན་རླབས་ཡོད་ཀྱང། གཙོ་བོ་སོ་སོས་འབད་བརྩོན་བྱེད་དགོས། ང་ཚོའི་བོད་དེ་ཡང་ཆོས་ཕྱོགས་ཐོག་ནས་ཧ་ལས་པའི་སྤུས་དག་ཡོད་ཀྱང་འཛམ་གླིང་ཀུན་དང་མཐུན་པའི་རྗེས་ཟིན་ཐུབ་པ་ཞིག་ང་ཚོས་བྱས་མེད། ༸གོང་ས་སྐུ་གོང་མས་དེང་དུས་ཀྱི་ཤེས་ཡོན་འཛམ་གླིང་གི་རྗེས་ཟིན་ཐུབ་པ་བྱ་རྒྱུའི་འབད་བརྩོན་གནང་སྟེ་དབུ་བཙུགས་འདུག་ཀྱང་མཐའ་འཁྱོངས་མེད། དེར་བརྟེན་ང་ཚོ་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་འབྱོར་བ་རེད། ཕྱི་ལོ་ ༡༩༥༡ ལོར་ངོས་ཀྱིས་ཆོས་སྲིད་གཉིས་ཀྱི་འགན་བླངས་པ་ཡིན། ཕྱི་ལོ་ ༡༩༥༢ དང་ ༥༣ དེ་འདྲ་ལ་ང་ཚོས་སློབ་གྲྭ་འཛུགས་དགོས་ཀྱི་འདུག་ཅེས། དེ་དུས་འགྲེལ་བརྗོད་དང་རེ་བ་བཏོན་པ་ཡིན། བཀའ་བློན་ངག་ཕོད་ཁོང་ཚོ་གཙོ་བོ་རེད། འོན་ཀྱང་རྒྱ་མིས་དབང་བསྒྱུར་བྱས་ཟིན་སྟབས། ལས་ཀ་དེ་ཚོའི་གྲས་མང་པོ་ཞིག་རྒྱ་མི་ཁོ་རང་ཚོས་བྱས་པ་མ་གཏོགས་ང་ཚོ་བོད་པའི་ཁྱད་ཆོས་དང་མཐུན་པའི་སློབ་སྦྱོང་སྤྲོད་རྒྱུ་ཡོང་ཐབས་མི་འདུག དེ་ནས་ང་ཚོ་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ལ་སླེབས་ཏེ་ཛ་དྲག་གི་ལས་ཀ་ཕྲན་བུ་ལྷིང་འཇགས་ཡོང་སྐབས། ང་ཚོས་མ་སུ་རིར་སློབ་གྲྭ་འཛུགས་རྒྱུའི་བསམ་བློ་བཏང་བ་རེད། དེ་དུས་བོད་ནས་ཚུར་ཛ་དྲག་ཐོག་ནས་བཙན་བྱོལ་དུ་ཡོང་བ་དེ་དག་མང་ཆེ་བ་ཕོ་ཧྲེང་རེད་མ་གཏོགས་ཕྲུ་གུ་ཆུང་ཆུང་དེ་ཙམ་མེད། འོན་ཀྱང་དེའི་ནང་ནས་ལོ་ན་གང་ཙམ་ཆུང་བའི་གྲས་མི་ལྔ་བཅུ་ཙམ་ཞིག་ཡོད། དེ་དག་ལ་ཐོག་མའི་སློབ་གྲྭའི་རྟེན་གཞི་མ་སུ་རིར་བཙུགས་པ་འདི་ནི་སློབ་གྲྭ་རྒན་ཤོས་ཆགས་ཡོད། དེ་ནས་པོ་ལན་ཡུལ་ནས་ཡིན་པ་ངོ་ཤེས་པོ་ལན་སྤོ་ལགས་ཞུ་བ་དེས་བོད་ཕྲུག་ཁྱིམ་སྡེ་ཞེས་པ་འཛུགས་དགོས་པ་དང། དེ་ཡང་ཁྱིམ་ཚང་ཁྱིམ་ཚང་བྱས་པ་ཞིག་བྱུང་ན། ཕྲུ་གུ་ཚོའི་སེམས་ནང་ཁྱིམ་ཚང་གི་འདུ་ཤེས་ཐོབ་པ་དེར་ཕ་ཚབ་མ་ཚབ་ཡོད་པ་ཚོས་བྱམས་སྐྱོང་ཡག་པོ་བྱས་ན་ཁྱད་པར་ཡོད་སྐོར་གྱི་དགོངས་འཆར་གནང་བ་བཞིན། ང་ཚོས་མ་སུ་རིར་ཁྱིམ་ཚང་བཙུགས་པ་རེད། འདས་པའི་ལོ་ལྔ་བཅུ་བརྒལ་བ་དེའི་རིང་ལ་སློབ་ཕྲུག་སྟོང་ཕྲག་མང་པོ་ཞིག་འཚར་ལོངས་བྱུང་ནས་སྔོན་ལ་བཟང་ངན་ལ་མ་ལྟོས་པར་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཐོབ་ཡོད། ང་ཚོ་ད་ཆ་བཙན་བྱོལ་བ་ཆགས་ནས་ལོ་ལྔ་བཅུ་ཕྱིན་པའི་རྗེས་སུ་ང་ཚོའི་འཛིན་སྐྱོང་གི་ལས་འགན་འཁྱེར་མཁན་ཕལ་ཆེར་ཚང་མ་གང་ལྟར་ང་ཚོ་རྒྱ་གར་ལ་སླེབས་ནས་སློབ་གྲྭ་ཁག་ནང་སློབ་སྦྱོང་བྱས་ནས་ཐོན་མཁན་ཤ་སྟག་ཆགས་ཡོད། བགྲེས་སོང་རེ་ཟུང་ཡོད་སྲིད་པ་རེད་མ་གཏོགས་གཞན་ཚང་མ་སློབ་གྲྭ་འགྲིམས་མྱོང་མཁན་ཤ་སྟག་ཆགས་ཡོད།
དེ་བཞིན་དུ་སློབ་གྲྭ་ཡས་མས་ནས་ཐོན་པའི་སློབ་སྦྱོང་ཡོད་པ་དེ་དག་འཛམ་གླིང་ལུང་པ་མང་པོའི་ནང་དང་ཡང་འགའ་ཞིག་གིས་མཐོ་རིམ་སློབ་སྦྱོང་གི་བསླབ་པ་མཐར་སོན་པ་བྱས་ཏེ་མཁས་པའི་མིང་ཐོག་ནས་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་དགེ་རྒན་བྱེད་མཁན་དང་ཡང་ལུང་པ་འདྲ་མིན་ནང་སྤྱིར་བཏང་མིའི་ཐོབ་ཐང་ཆ་ཚང་ལོངས་སྤྱད་ནས་ལུང་པ་དེའི་ནང་གི་ལག་རྩལ་བ་ཡིན་ནའང་འདྲ་ཤེས་ཡོན་ཅན་དེ་འདྲ་ཆགས་འདུག ང་ཚོས་འགོ་བཙུགས་སྟངས་ནས་མར་ལོ་རྒྱུས་ལ་བསམ་བློ་ཞིག་བཏང་བ་ཡིན་ན་ང་ཚོ་ཧ་ཅང་གྲ་སྒྲིག་པོ་རེད། དེར་བརྟེན་དེ་རིང་དུས་ཚོད་འདིར་དེ་སྔ། ལོ་ལྔ་བཅུ་ལྷག་གི་རིང་ལ་དཀའ་ལས་རྒྱག་མཁན་གྱི་མི་དེ་དག་ལ་རྗེས་དྲན་བྱེད་དགོས་རྒྱུ་རེད། ད་ལྟ་ངོས་ཀྱིས་བརྗོད་པ་ལྟར་འདས་པའི་པོ་ལན་པ་ལགས། དེ་བཞིན་ཕྲེང་རིང་པ་ལགས་དང་ཨ་མ་ལགས་ཀྱིས་ཧུར་ཐག་འབད་ཐག་བྱས་ཡོད། དེ་དང་དེས་མཚོན་པའི་དགེ་རྒན་ལས་བྱེད་འདས་གྲོངས་ཟིན་པ་དེ་དག་ང་ཚོའི་དྲན་པའི་ཡུལ་ཡིན་ཡང་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་ཁོང་རྣམས་ལ་སྨོན་ལམ་རྒྱག་རྒྱུ་དང་བཀའ་དྲིན་མ་བརྗེད་པ་བྱེད་རྒྱུ་གལ་ཆེན་པོ་རེད། ད་ལྟ་འདིར་ལས་ཀ་བྱས་དང་བྱེད་བཞིན་པ་འདི་དག་ཀྱང་ཧ་ཅང་གི་བཀའ་དྲིན་ཆེན་པོ་རེད། སྒྲིག་འཛུགས་ཆེན་པོ་འདི་འདྲ་ཞིག་ཚགས་ཚུད་པོ་ཡོང་རྒྱུ་དེ་མི་མང་པོ་ཞིག་སྟེ། མདོར་ན་མ་བྱན་དང་གད་པ་ནས་བཟུང་སྟེ་ཚང་མས་སོ་སོའི་སྐབས་བབ་ཀྱི་ལས་འགན་ཧུར་ཐག་འབད་ཐག་བསྒྲུབས་པའི་ཐོག་ནས་ཡར་རྒྱས་ཚགས་ཚུད་ཡོང་དགོས་པ་རེད་མ་གཏོགས་མི་རེ་ཟུང་གིས་ཡོང་ཐུབ་རྒྱུ་མེད། དེར་བརྟེན་ལས་བྱེད་ཚང་མར་དེ་རིང་གོ་སྐབས་འདི་དང་བསྟུན་ཏེ་ཐུགས་རྗེ་ཆེ་ཟེར་གྱི་ཡིན། ད་དུང་ཡིན་ཡང་ཡར་རྒྱས་ལ་མཐའ་མེད།
ད་ལྟ་ང་ཚོའི་སྤྱིར་བཏང་ཤེས་ཚད་ཀྱི་རིམ་པ་དེ་རྒྱ་གར་སློབ་གྲྭ་མང་པོ་ཞིག་ནང་དེ་ཙམ་གྱི་མཐོ་པོ་མེད་པ་ཡོང་གི་འདུག ང་རང་ཚོ་བོད་རིགས་སློབ་གྲྭའི་ནང་ཤེས་ཚད་ཐོག་ནས་སྤུས་དག་པོ་ཞིག་དང་རིགས་གཅིག་རྐང་འཛིན་གྱི་ཚད་མཐོ་པོ་འགྲོ་ཐུབ་རྒྱུ་ཞིག་དམིགས་ཡུལ་བཟུང་སྟེ། དེ་ལུགས་ཀྱི་སློབ་སྦྱོང་ཐོག་ཤུགས་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་དང་ཆབས་ཅིག་ཐོག་མར་ང་ཚོས་སློབ་གྲྭ་བཙུགས་པའི་སྐབས་ནས་བྱ་ནམ་མཁར་འཕུར་བར་གཤོག་པ་གཉིས་དགོས་པ་རེད། དཔེ་དེ་བཞིན་ང་རང་ཚོ་བོད་པའི་ཕྲུ་གུ་བོད་པ་མཚན་ཉིད་ཚང་བ་ཞིག་བྱེད་པ་ལ་དེང་དུས་ཀྱི་ཤེས་ཡོན་དང་ང་ཚོའི་གནའ་རབས་ཀྱི་དཔལ་ན་ལེནྡྲའི་མཁས་པ་ཚོས་ང་ཚོར་བསླབ་པའི་སེམས་ཀྱི་ཚན་རིག་དང་བསྟུན་ནས་སེམས་ཀྱི་བདེ་སྐྱིད་གང་འདྲ་བསྒྲུབ་དགོས་ཀྱི་ཡོད་མེད་ཀྱི་གྲས་ངེས་པར་དུ་ཤེས་པ་བྱེད་དགོས་ཤེས་སོང་ངམ། ཞལ་འདོན་སྐྱོར་བ་དང་སྔགས་བགྲང་བ་ཙམ་གྱི་སྐད་ཆ་མ་རེད། དོན་དག་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་བར་སྐབས་ནས་སློབ་གྲྭ་ཁག་ནང་རིགས་ལམ་སློབ་སྦྱོང་སྤྲོད་རྒྱུ་གསར་གཏོད་བྱས་ན་ཡག་པོ་འདུག་ཅེས་འབད་བརྩོན་བྱེད་ཀྱི་ཡོད། ང་ཚོའི་སློབ་གྲྭ་མང་པོ་ཞིག་གི་རིགས་ལམ་སློབ་སྦྱོང་སྤྲོད་རྒྱུ་དེ་གནད་འགག་ཆེན་པོ་ཞིག་འདུག རིགས་ལམ་ཀྱི་དཔྱད་པ་བྱེད་སྟངས་དེ་ནང་པའི་དཔེ་ཆའི་ནང་ནས་ཡོང་གི་ཡོད། དེ་སྔ་བོད་ལ་ནང་པའི་ལྟ་གྲུབ་ནང་བེད་སྤྱོད་བྱས་པ་རེད་ཀྱང་། དེང་སང་ཤེས་ཡོན་ཀྱི་ས་བཅད་འདྲ་མིན་ནང་དཔྱད་པ་བྱེད་སྟངས་རིགས་ལམ་ཐོག་ནས་ངེས་པར་དུ་ཕན་ཐོགས་ཡོད་ལ་དེ་སྦྱར་ཐུབ་པ་ཞིག་དགོས་ཀྱི་འདུག་ཤེས་སོང་ངམ། ངོས་ཀྱི་ངོ་ཤེས་པ་ཚན་རིག་མཁས་པ་ཚོས་ཚན་རིགས་ཚོགས་འདུ་ཚོགས་དུས། སྐབས་རེ་འདི་འདྲ་ཤོད་བཞིན་འདུག ཁྱེད་རང་ཚོའི་བོད་པས་སློབ་སྦྱོང་སྤྲོད་པའི་སྐབས་གཙོ་བོ་བཤད་གྲྭ་ཁག་ཚོས་རིགས་ལམ་གྱི་དཔྱད་པ་བྱེད་རྒྱུ་འདུག་པར་ཧ་ཅང་ཡག་པོ་རེད། དེ་ཤེས་ཡོན་སྡེ་ཚན་ཚང་མའི་ནང་སྦྱར་ཐུབ་རྒྱུ་ཞིག་ཡོང་གི་མ་རེད་དམ་ཞེས། རེ་སྐུལ་ཞུ་མཁན་དེ་འདྲ་ཡོང་གི་འདུག ང་རང་ཚོ་སོ་སོས་རང་ལྟ་མཆོག་འཛིན་བྱས་ཏེ་བཤད་པ་དེ་འདྲ་མ་རེད། འཛམ་གླིང་འདིའི་སྟེང་ཤེས་ཚད་རྩེར་སོན་པའི་མིས་དོ་སྣང་བྱེད་ཀྱི་འདུག
བར་སྐབས་གཙོ་བོ་གྲྭ་ས་ཁག་གི་ཚན་རིག་སློབ་སྦྱོང་བྱེད་མཁན་ད་ཆ་ལོ་བདུན་བརྒྱད་ཙམ་ཕྱིན་ཡོད་པར་གྲུབ་འབྲས་ཡག་པོ་བྱུང་བ་ཡིན་སྟབས། གདན་ས་ཚོའི་ནང་ཚན་རིག་སློབ་སྦྱོང་བྱེད་རྒྱུའི་སློབ་ཚན་འཇོག་རྒྱུའི་ཐག་གཅོད་བྱས་ཏེ་སློབ་ཚན་འགོ་བཙུགས་ཀྱི་ཡོད། དང་བླང་ཐོག་ནས་ཚན་རིག་སློབ་སྦྱོང་བྱེད་མཁན་གདན་ས་ཁག་ནས་ཡོང་མཁན་དེ་ཚོའི་གྲས་ཀྱི་དབྱིན་ཇི་དང་ཨང་རྩིས་ཤེས་ཀྱི་མེད་ཀྱང་དཔྱད་པ་བྱེད་རྒྱུ་ཧ་ལས་པ་ཞིག་འདུག རིགས་ལམ་ཐོག་ནས་དཔྱད་པ་བྱེད་རྒྱུ་དེ་འདི་ཡིན་ན་འདི་ཡིན་དགོས། འདི་ཡིན་ན་འདི་ཡིན་པས་ཁྱབ་ཀྱི་མ་རེད་ཅེས་ཤོད་རྒྱུ་དེ་ཧ་ཅང་ཕན་ཐོགས་ཡོད། དེར་བརྟེན་ང་ཚོའི་སློབ་གྲྭ་ཁག་ནང་རིགས་ལམ་སློབ་སྦྱོང་སྤྲོད་དགོས་ཀྱི་འདུག རིགས་ལམ་ཐད་ཀར་ཁ་དོག་དཀར་དམར་ཁྲིད་སྡོད་རྒྱུ་མིན་ནའང། འགྲོ་སྟངས་ང་ཚོའི་དཔེ་ཆའི་ནང་ཚད་མའི་གཞུང་ནས་གསུངས་པའི་རིགས་ལམ་དེ་སྦྱར་ས་ཚན་རིག་སོགས་སློབ་ཚན་འདྲ་མིན་ནང་སྦྱར་ཐུབ་པའི་འབོད་སྐུལ་བྱས་ཏེ་ཁག་འགའ་ཤས་ནས་ལག་ལེན་བསྟར་གྱི་ཡོད། དེར་བརྟེན་ཚུར་ཕྱོགས་འདིར་དེང་དུས་ཀྱི་ཤེས་ཡོན་ཡོད་པའི་ཐོག་བོད་ཀྱི་གནའ་རབས་ནས་ཡོད་པའི་ཤེས་ཡོན་ཡོད་པ་ཞིག་བྱུང་ན། བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཙམ་དུ་མ་ཟད། སྒེར་སོ་སོ་ཡིན་ཡང་ཕན་གྱི་རེད། དེང་དུས་ཤེས་ཡོན་བི་ཨེ་དང་དང་ཨེམ་ཨེ་རིགས་གཅིག་རྐང་འཛིན་བྱས་ཏེ་ཚད་མཐོའི་མཁས་དབང་ཆགས་ཀྱང་ཕྱི་དངོས་པོའི་ཡར་རྒྱས་དང་འབྲེལ་བ་མ་གཏོགས་ནང་བསམ་བློ་དང་འབྲེལ་བ་གང་ཡང་མི་འདུག དེར་བརྟེན་ངོས་ཀྱི་ངོ་ཤེས་པ་ཡུ་རོབ་དང་ཨ་རི། ཉི་ཧོང་ནང་ལ་ཡོད་པ་མཁས་པའི་དབང་པོ་རེད། འོན་ཀྱང་སེམས་འཁྲུགས་ཏེ་མ་སྐྱིད་པ་ཞེ་དྲག་ཡོང་གི་འདུག ད་ལྟ་གཙུག་ལག་སློབ་གྲྭར་སློབ་ཕྲུག་ཁྲི་ཁ་ཤས་ཡོད་པའི་སློབ་གྲྭ་ཆེན་མོའི་ནང་ཤེས་ཡོན་དང་། སྙན་གྲགས། དཔལ་འབྱོར་གནས་སྟངས་ཡག་པོ་ཡོད་ཀྱང་སེམས་འཁྲུགས་ཏེ་མ་སྐྱིད་པ་ཡོད་པ་ངོས་རང་གིས་མཐོང་མྱོང་། དེ་ག་རེའི་ལན་པ་རེད་དམ་བརྗོད་ན། དེང་དུས་ཤེས་ཡོན་གྱི་སློབ་གསོས་སེམས་ལ་བདེ་སྐྱིད་སྤྲོད་ཀྱི་ཡོད་ན། ཁོང་ཚོ་དེང་དུས་ཤེས་ཡོན་ཨང་ཀི་དང་པོར་སླེབས་ཡོད། སེམས་པ་ལྷོད་ལྷོད་སྡོད་རྒྱུ་ཞིག་དགོས་ཀྱང་མེད། དེ་ནི་ནང་བློ་དང་འབྲེལ་བའི་ཤེས་ཡོན་མེད་པར་བརྟེན་ནས་དཀའ་ངལ་འཕྲད་ཀྱི་ཡོད། ཕྲན་བུ་སེམས་མ་སྐྱིད་པ་བྱེད་སྐབས་(Tranquilizer)ཞེས་རླུང་སྨན་ཟ་རྒྱུ་དང་གཉིད་མ་ཁུག་སྐབས་གཉིད་སྨན་ཟ་རྒྱུ་མ་གཏོགས་བསམ་བློ་བཏང་ནས་སེམས་ལ་ཞི་བདེ་བཟོ་རྒྱུ་དང་ཞི་བདེ་ཡོང་ཐབས་གང་ཡང་ཤེས་ཀྱི་མེད། ངོས་ནས་ལྷ་སའི་སྐད་དེ་མ་གཏོགས་ཤེས་ཀྱི་མེད། དེར་བརྟེན་ཨ་མདོ་ངོ་ཤེས་པ་འགའ་ཤས་ཀྱིས་༸རྒྱལ་བ་རིན་པོ་ཆེ་ཨ་མདོ་ཡིན་པས་ཨ་མདོའི་སྐད་རྒྱག་རོགས་བརྗོད་མཁན་འགའ་ཤས་ཡོང་གི་འདུག
ངོས་ཀྱི་ཨ་མདོའི་སྐད་བརྗེད་དེ་ཤེས་ཀྱི་མེད། ཚིག་གཅིག་ཤེས་ཀྱི་ཡོད། འདི་མོ་ཙམ་ཡིན་ན་ཧྲག་གེ་ཞེས་པ་དེ་ཤེས་ཀྱི་ཡོད་པ་ལས་གཞན་ཤེས་ཀྱི་མེད། སོ་སོ་སྒེར་གྱི་ངོས་ནས་ཆ་བཞག་ནའང་བོད་ཀྱི་རིག་གཞུང་གིས་གཙོ་བོ་བསམ་བློ་གཏོང་སྟངས་དང་སེམས་ཀྱི་དཀའ་ངལ་ལ་གདོང་ལེན་དང་སེལ་ཐབས་གང་འདྲ་བྱེད་དགོས་ཀྱི་ཡོད་མེད་དེ་དག་ལ་ཧ་ཅང་ཕན་ཐོགས་འདུག སྐྱེ་བ་སྔ་ཕྱི་ཁས་མ་ལེན་པ་དང་ཚེ་ཕྱི་མ་ཐར་པ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་ཡིད་ཆེས་མེད་ནའང་དེ་འགྲིག་གི་རེད། སོ་སོའི་མི་ཚེ་འདིར་རྐྱེན་ངན་རུ་འཛིངས་པའི་སྐབས་ལ་སེམས་ཀྱི་ཞི་བདེ་གང་འདྲ་ཉར་ཚགས་དགོས་རྒྱུར་ཧ་ཅང་ཕན་ཐོགས་ཡོད། དེར་བརྟེན་ང་ཚོའི་གནའ་རབས་ནས་ཡོད་པའི་སངས་རྒྱས་ཀྱི་ཆོས་དང་འབྲེལ་བའི་རིག་གཞུང་དེ་དངོས་གནས་བོད་མི་རིགས་སྤྱིའི་ཆ་ནས་བཤད་ན། བོད་མི་རིགས་ཀྱི་གཅེས་ནོར་འཛམ་གླིང་ལ་ངོམ་ཆོག་པ་དང། འཛམ་གླིང་ལ་ཕན་ཐོགས་བྱེད་ཐུབ་རྒྱུ་ཞིག་ཏན་ཏན་རེད་འདུག ངོས་ཀྱིས་ད་བར་འཛམ་གླིང་ཡུལ་གྲུ་འདྲ་མིན་ནང་ཕྱིན་ཡོད། འོན་ཀྱང་ངོས་ཀྱིས་ལུང་པ་འདྲ་མིན་དེ་དག་གི་ནང་དུ་ནང་པའི་ཆོས་ཡག་པོ་ཡོད། ནང་པའི་ཆོས་བྱེད་དགོས་རེད། ནང་པའི་ཆོས་ཡག་ཤོས་རེད་ཅེས་ཉིན་མ་གཅིག་ཀྱང་བཤད་མྱོང་མེད། སོ་སོའི་ཕ་མེས་ཀྱི་ཆོས་ཉམས་ལེན་བྱས་ན་བཟང་བ་དང་བརྟན་གྱི་རེད་ཅེས་ཤོད་ཀྱི་ཡོད།
གཉིས་ནས་ཆོས་འདྲ་མིན་ཚང་མར་ངོས་ཀྱིས་གུས་ཞབས་བྱེད་ཀྱི་ཡོད། སོ་སོའི་ཆོས་ལུགས་དེ་ཁ་ཞེ་ངོ་ལྐོག་མེད་པའི་ཐོག་ནས་ལག་ལེན་བསྟར་ན་བྱམས་པ། བརྩེ་བ། བཟོད་པ། ཆོག་ཤེས། སོ་སོའི་རང་ཁྲིམས་སྲུང་རྒྱུ་ཚང་མར་འདུག དེར་བརྟེན་ངོས་ཀྱིས་རྩ་བ་ཉིད་ནས་ནང་པའི་ཆོས་ཡག་ཤོས་རེད་ཅེས་ཤོད་ཀྱི་མེད། ནང་པའི་ཆོས་ལ་འགྱུར་དགོས་རེད་ཅེས་དེ་བས་ཀྱང་ཤོད་ཀྱི་མེད། འོན་ཀྱང་ཕྲན་བུ་བསམ་བློ་ཡོད་མཁན་དང་རྒྱུ་མཚན་ལ་དཔྱད་པ་བྱེད་མཁན་མི་མང་པོ་ཞིག་གིས་ནང་པའི་ཆོས་ཞེས་བརྗོད་སྐབས་རྒྱུ་མཚན་ལྡན་པ་རེད་འདུག རྨོངས་དད་དང་ཡིད་ཆེས་བྱས་ཏེ་འགྲོ་གི་མི་འདུག དེ་ལྟ་བུའི་(Scientific minded) རྒྱུ་མཚན་ལ་དཔྱད་པ་བྱས་ནས་འགྲོ་མཁན་དངོས་གནས་དྲང་གནས་ཀྱི་ཤེས་ཡོན་ཅན་མང་པོ་ཞིག་གིས་དོ་སྣང་བྱེད་བཞིན་འདུག འདི་འཛམ་གླིང་སྤྱིར་ཕན་ཐོགས་བྱེད་ཐུབ་རྒྱུ་ཞིག་ཆགས་ཡོད། ངོས་ཀྱིས་ནམ་རྒྱུན་འདི་ལྟར་ཤོད་ཀྱི་ཡོད། ཕལ་ཆེར་བོད་ཀྱི་སངས་རྒྱས་པའི་ལྟ་གྲུབ་ཅེས་བརྗོད་ན་ཚིག་དེ་གོ་གསལ་བ་འདུག ཆོས་ཞེས་བརྗོད་ན་རྔ་རྡུང། སྦུག་དཀྲོལ། གཏོར་རྒྱག་བརྒྱབ་པ་སོགས་བྱ་རྒྱུའི་བསམ་བློ་འཁོར་གྱི་ཡོད། དེར་བརྟེན་ལྟ་གྲུབ་ཅེས་བརྗོད་ན་གསལ་བ་མི་འདུག་གམ། གཏོར་རྒྱག་རྒྱག་རྒྱུར་ལྟ་གྲུབ་གང་ཡང་མེད། ལྟ་གྲུབ་ཅེས་བརྗོད་སྐབས་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་ཡིན། སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་ལ་ཁྱེད་རང་ཚོས་དོ་སྣང་དང་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོའི་སློབ་གྲྭ་ཁག་གི་ཆོས་དགེ་ཚོས་ཕྲན་བུ་འཐུས་ཤོར་ཕྱིན་འདུག འགོ་སྟོད་མ་སུ་རིར་མཚན་ཉིད་སློབ་ཀྱི་དཔོན་བསད་པ་དེས་དཔེ་ཆ་སོགས་ཡག་ཐག་ཆོད་ཁྲིད་ཀྱི་འདུག ཕྲུ་གུ་ཚོས་རྟགས་གསལ་བཏང་བ་རེད། ད་ལྟ་ཕ་གི་གཙུག་ལག་ཁང་སྒོ་འཕྱོར་འོག་དེར་དམ་བཅའ་ཚུགས་ཕྲུ་གུ་ཚོ་ཡང་དེར་ཡོད། དེ་ནས་དགེ་བཤེས་ལགས་ཀྱིས་དམ་བཅའ་བཞག་པ་དང། ཕྲུ་གུ་ཚོས་རྟགས་གསལ་ཕྲན་བུ་གཏོང་གི་ཡོད། ངོས་ནས་ཀྱང་དགེ་བཤེས་ལགས་སུ་རྟགས་གསལ་ཞིག་བཏང་བ་ཡིན། དེའི་མཇུག་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད་ན། ད་ཆ་ཕྲན་བུ་ད་ལྟ་འདི་ལས་བཟང་བ་ཡོང་གི་རེད། བར་སྐབས་ཆོས་དགེ་ཚོས་ཀྱང་མཚན་ཉིད་ཚང་བ་ཞིག་མ་བྱུང་བ་དང། ཆོས་དགེ་ཚོས་སྤྱིར་བཏང་ཆོས་ཀྱི་འགྲེལ་བཤད་རྒྱག་རྒྱུ་མ་གཏོགས། ལྟ་གྲུབ་དང་རིགས་ལམ་སྐོར་ཕལ་ཆེར་འཐུས་ཤོར་ཕྱིན་འདུག འདབ་ཆགས་ཤོག་པ་ཟུང་ལྡན་ཞེས་བརྗོད་པ་ལྟར། དེང་དུས་ཀྱི་ཤེས་ཡོན་དང་བོད་རང་ཉིད་ཀྱི་གནའ་རབས་ནས་ཡོད་པའི་ཤེས་ཡོན་སྤྱི་དང་ཡང་སྒོས་ལྟ་གྲུབ་དང་འབྲེལ་བའི་ཤེས་ཡོན་དེ་དག་ཁྱེད་རང་ཚོས་ངེས་པར་དུ་ངོས་འཛིན་གསལ་པོའི་ཐོག་ནས་བདག་པོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
དེ་རིང་དངོས་གནས་བྱས་ན་བཀའ་བློན་ཁྲི་པ་ཕེབས་རྒྱུ་རེད། བཀའ་བློན་ཁྲི་པས་སྤྱིར་ཤེས་ཡོན་སྐོར་དང། ཡང་སྒོས་བོད་སྤྱིའི་ཆབ་སྲིད་ཀྱི་གནས་ཚུལ་ཐོག་ལ་བཀའ་མོལ་གནང་རྒྱུའི་གོ་སྐབས་ཡོད། དེ་རིང་ཁོང་ཕྲན་བུ་གཟུགས་པོ་བདེ་མིན་དབང་གིས་སླེབས་ཐུབ་མེད། ངོས་རང་ཆབ་སྲིད་ཀྱི་ལས་འགན་མཚམས་འཇོག་བྱས་ཟིན་པས་གང་ཡང་ཤོད་ཀྱི་མེད། གང་ལྟར་ང་ཚོའི་སྒྲོམ་གཞི་ཡག་ཐག་ཆོད་ཡོད། མང་གཙོའི་ལམ་ནས་འོས་བསྡུ་ཐོབ་མཁན་བཀའ་བློན་ཁྲི་པའི་ངོས་ནས་ལས་ཀ་ཚགས་ཚུད་པོ་དང་ཡག་ཐག་ཆོད་འདུག དེར་བརྟེན་བློ་བདེ་པོ་བྱས་ནས་བསྡད་ཡོད། ངོས་ཀྱིས་ཆབ་སྲིད་ཀྱི་ལས་འགན་གཙང་མ་བཞག་ཚར་བ་རེད། འོན་ཀྱང་ངོས་རང་སེམས་ཤུགས་ཆག་པ་དང་བོད་དོན་རེ་བ་བརླག་པ་ལྟ་བུ་རྩ་བ་ནས་མིན། རྒྱ་ནག་ནང་འགྱུར་བ་འགྲོ་དང་འགྲོ་བཞིན་པ་རེད་ཅེས་ངོས་ཀྱིས་ནམ་རྒྱུན་ནས་ཤོད་ཀྱི་ཡོད། ཁ་སང་རང་(Woodstock) འུ་ཌ་སི་ཊོཀ་སློབ་གྲྭར་སྐད་ཆ་བྱུང། དྲི་བ་གཅིག་བོད་ཀྱི་སྐོར་སྐད་ཆ་དྲིས་བྱུང། སྐབས་དེར་ངོས་ཀྱིས་འདི་ལྟར་བརྗོད་པ་ཡིན། བོད་ས་གནས་རང་གི་གནས་ཚུལ་ཐོག་བསམ་བློ་བཏང་ན་ཧ་ལམ་རེ་བ་བྲལ་བ་ལྟ་བུ། རྒྱ་ནག་གཞུང་གིས་དམ་བསྒྲགས་དང་མནར་གཅོད་ཧ་ལས་པ་གཏོང་གི་འདུག དེ་བཞིན་བོད་ཀྱི་སྐད་ཡིག་ལ་མཐོང་ཆུང་། བོད་ཀྱི་སངས་རྒྱས་པའི་ཆོས་དང་འབྲེལ་བའི་རིག་གཞུང་དེ་དག་ཇི་ཙམ་གྱིས་བོད་པའི་རིག་གཞུང་དམིགས་བསལ་དེ་བསྡད་ན་ཁ་བྲལ་སྤེལ་མི་ཡོང་ངམ་བསམས་པའི་ཐོག་ནས་དངངས་སྐྲག་དང་དམིགས་བསལ་གྱི་དམ་བསྒྲགས་བྱེད་བཞིན་འདུག དངོས་གནས་ཧ་ཅང་དཀའ་ལས་ཁག་པོ་རེད་འདུག འོན་ཀྱང་བོད་ཀྱི་དཀའ་ངལ་དེ་བོད་པ་རང་གི་ཁྲོད་ནང་འཁྲུག་བརྒྱབ་པ་དང་། རང་བཞིན་གྱི་འབྱུང་བ་འཁྲུག་པའི་དབང་གིས་དཀའ་ངལ་འཕྲད་པ་མ་རེད། ཆབ་སྲིད་ཀྱི་གནས་ཚུལ་གྱི་ཐོག་ནས་རེད། ནམ་རྒྱུན་ངོས་ཀྱིས་འདི་ལྟར་ཤོད་ཀྱི་ཡོད། ང་ཚོའི་དཀའ་ངལ་དེ་བོད་ནང་གདན་ཞུ་ཚད་ལྡན་དང་གདན་ཞུ་བྱེད་མཁན་མེད་པར་སྐུ་མགྲོན་གསར་པ་ཞིག་མེ་མདའ་ཁྱེར་ནས་ང་ཚོའི་ལུང་པའི་ནང་ཡོང་སྟེ། གདན་ཞུ་དམིགས་བསལ་ཕུལ་མེད་པའི་སྐུ་མགྲོན་དེ་བོད་ལ་འབྱོར་ནས་བརྟན་པོ་ཆགས་ཚར་སྐབས། ང་ཚོ་བོད་པར་ལོ་སྟོང་ཕྲག་ལྷག་གི་རིང་ལ་སོ་སོའི་སྐད་ཡིག་དང། གོམས་གཤིས། མི་ཚེ་སྐྱེལ་སྟངས། དཔལ་འབྱོར་གྱི་འགྲོ་སྟངས་ཤིག་ཡོད། དེ་དག་ཚང་མ་རྗེས་ལུས་དང་རྨོངས་དད། ཕན་ཐོགས་རྩ་བ་ནས་མེད་ཅེས་བཤད་ཡོད། མདོར་བསྡུས་ན། བོད་པ་ཚོར་སྤགས་བཟའ་སྟངས་བསླབ་ཀྱི་ཡོད་པ་ལྟ༌བུ་འདུག སྤགས་བཟའ་སྟངས་ང་ཚོ་མཁས་པ་ཡོད། འོན་ཀྱང་རྒྱ་མིས་སྤགས་བཟའ་སྟངས་ཤེས་ཀྱི་མེད། རྒྱ་མི་ཚོ་ཧ་ཅང་གི་སྔོན་ཐོན་དང་བོད་པ་ཚོ་གང་ཡང་ཤེས་ཀྱི་མེད། རྗེས་ལུས་རེད་ཅེས་འདི་ལྟ་བུའི་ལྟ་ཚུལ་འཁྱེར་ཡོང་གི་ཡོད། དེར་བརྟེན་ང་ཚོར་དཀའ་ངལ་དེ་འཕྲད་པ་རེད། ཆབ་སྲིད་ཁོ་ནས་བོད་དབང་དུ་བསྡུ་རྒྱུ་མ་གཏོགས་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་བལྟ་གི་མི་འདུག འོན་ཀྱང་འདས་པའི་ལོ་མང་པོའི་ནང་རྒྱ་ནག་ནང་རྒྱ་མིའི་ནང་གི་ཤེས་ཡོན་ཅན་དང་། མཁས་པ། རིག་རྩལ་མཁས་པ། སྤྱིར་བཏང་སྤྱི་ཚོགས་ཀྱི་གནས་སྟངས་ཐོག་དོ་སྣང་བྱེད་མཁན་མཁས་པ་ཚོ་ཆོས་ཐོག་དོ་སྣང་ཡོད་པ་ལྟ་ཅི་སྨོས་མང་པོ་ཞིག་གིས་བོད་ཀྱི་གནས་ཚུལ་ལ་ཤ་ཚ་དང་རྒྱབ་སྐྱོར། བོད་ཀྱི་གནས་ཚུལ་བདེན་དོན་ཡིན་པ་ཞིག་ལ་ངོས་འཛིན་བྱས་ཏེ་བོད་པར་རྒྱབ་སྐྱོར་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་བཞིན་ཡོད།
གཉིས་ནས་ང་ཚོ་བོད་ཀྱི་དཀའ་ངལ་སེལ་ཐབས་དེ་གཉིས་ཕན་གྱི་ཐབས་ལམ་ཞིག་འཚོལ་གྱི་ཡོད། ཕྱོགས་གཅིག་རྒྱལ། ཕྱོགས་གཅིག་ཕམ་ཞེས་པ་དེ་མིན་པར་གཉིས་ཕན་གྱི་ལམ་ནས་ཐབས་ཤེས་བྱེད་ཀྱི་ཡོད་པར་བརྟེན། རྒྱ་རིགས་མང་པོ་ཞིག་གིས་བསམ་པ་རྣམ་དག་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད། རྒྱ་ནག་ནང་འགྱུར་བ་ཤུགས་ཆེ་འགྲོ་བཞིན་ཡོད། ཏིང་ཞའོ་ཕིང་གི་སྲིད་བྱུས་འོག་དཔལ་འབྱོར་ཡར་རྒྱས་ཕྱིན། དཔལ་འབྱོར་ཡར་རྒྱས་དང་ཆབས་ཅིག་དཔལ་འབྱོར་ཡར་རྒྱས་གཏོང་བར་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མ་རྩ་དང་ལག་རྩལ་དགོས་ཀྱི་ཡོད། དེར་བརྟེན་འཛམ་གླིང་ཕྱི་ལོག་ལ་འབྲེལ་བ་བྱེད་རྒྱུ་དེ་ཤུལ་མ་ཐུབ་ཀྱིས་ཤུགས་ཆེ་རུ་འགྲོ་དགོས་ཀྱི་ཡོད། དེར་བརྟེན་རྒྱ་ནག་གི་དཔོན་རིགས་ཚོའི་ཕྲུ་གུས་མཚོན་གང་ལྟར་རྒྱ་ཕྲུག་གོ་སྐབས་ཡོད་མཁན་མང་པོ་ཞིག་ཕྱི་རྒྱལ་ལ་སློབ་སྦྱོང་བྱེད་བཞིན་ཡོད། ཁོང་ཚོར་རང་བཞིན་གྱིས་བསམ་བློ་མི་འདྲ་བ་ཞིག་སླེབས་ཀྱི་རེད། རྒྱ་ནག་ནང་འགྱུར་བ་རང་བཞིན་གྱིས་འགྲོ་གི་ཡོད། ད་ལྟའི་རྒྱ་ནག་དེ་ལོ་ཉི་ཤུ་སུམ་ཅུའི་གོང་གི་རྒྱ་ནག་དང་རྩ་བ་ནས་འདྲ་གི་མེད། དེ་བཞིན་རྒྱ་ནག་ནང་དུ་ནང་པར་ཆ་བཞག་ན། ནང་ཆོས་ལ་དོ་སྣང་བྱེད་མཁན་དེ་ལོ་གསུམ་བཞི་གོང་ལ་སློབ་གྲྭ་ཆེན་མོ་ཞིག་གིས་ནང་པ་ག་ཚོད་ཡོད་མེད་ཞིབ་འཇུག་བྱེད་སྐབས། རྒྱ་ནག་ནང་དུ་ནང་པ་ས་ཡ་སུམ་བརྒྱ་ཡོད་པ་ཤོད་ཀྱི་འདུག ཉེ་ཆར་ངོས་ལ་རྒྱ་མི་ཁ་ཤས་ཤིག་ཐུག་བྱུང་། འདས་པའི་ལོ་གཅིག་གཉིས་ནང་དུ་ནང་པར་དོ་སྣང་བྱེད་མཁན་འཕེལ་ཏེ་དེང་སང་ས་ཡ་བཞི་བརྒྱ་ནས་ལྔ་བརྒྱ་དབར་ཤོད་ཀྱི་འདུག དེར་བརྟེན་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་ཤོས་དེ་གང་ནས་ཡོང་གི་ཡོད་རེད་བརྗོད་ན། ཤེས་ཡོན་ཅན་སློབ་སྦྱོང་ཡོད་པ་དེ་ཚོའི་ནང་ནས་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་ཤོས་ཡོང་གི་འདུག་ཅེས་བརྗོད་ཀྱི་འདུག དེའི་ནང་ནས་མང་པོ་ཞིག་གིས་བོད་ཀྱི་ནང་ཆོས་ལ་དོ་སྣང་བྱེད་ཀྱི་འདུག དེ་ཚོ་ང་ཚོར་མཐུན་པའི་རྐྱེན་རེད། ཁ་སེང་འུ་ཌ་སི་ཊོཀ་རུ་བརྗོད་པ་ཡིན། ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་བལྟས་ན་བོད་དོན་ལ་རེ་བ་ཧ་ཅང་ཆེན་པོ་ཡོད། དངོས་གནས་རྒྱུ་མཚན་ལྡན་པའི་ཐོག་ནས་ང་ཚོ་རེ་བ་བྱེད་ཆོག་པ་ཞིག་ཆགས་ཡོད། སྤྱི་ཡོངས་ཀྱི་གནས་ཚུལ་འདི་ལྟར་རེད། གཙོ་བོ་བོད་པའི་གནས་ཚུལ་གང་འདྲ་ཆགས་དང་མ་ཆགས་བོད་པ་རང་ཉིད་ཀྱིས་འབད་བརྩོན་ལ་ཐུག་ཡོད། གཞིས་ལུས་རྒྱ་ཆེའི་མི་མང་དེ་དག་ཧ་ལས་པའི་སེམས་ཤུགས་ཆེན་པོ་རེད། མི་རབས་བརྗེས་འགྲོ་གི་ཡོད། འོན་ཀྱང་བོད་མི་རིགས་ཀྱི་ལྟ་བ་དང་ཐོབ་ཐང་རྩོད་རྒྱུ་དེ་ཆོས་ལ་དད་པ་ཡོད་རུང་མེད་རུང་མང་པོ་ཞིག་ཧ་ལས་པའི་སེམས་ཤུགས་ཆེན་པོ་འདུག བཙན་བྱོལ་ནང་ཡོད་པའི་བོད་པ་ཚོ་རང་དབང་ལུང་པར་བསྡད་ཡོད། སོ་སོས་བྱས་ན་གང་ཡིན་ནའང་གོ་སྐབས་ཡོད། ད་བར་མི་ཚང་མས་ཧུར་ཐག་འབད་ཐག་རེད། ད་དུང་ཡིན་ནའང་ཧུར་ཐག་འབད་ཐག་བྱེད་རྒྱུ་གལ་ཆེན་པོ་རེད། གཙོ་ཆེ་ཤོས་ཁྱེད་རང་ཚོ་སློབ་ཕྲུག་གཞོན་ནུ་དེ་དག་གིས་སློབ་སྦྱོང་ལ་ཤུགས་རྒྱག་དགོས་ཤེས་སོང་ངམ། མ་འོངས་པར་བོད་བསྟན་པ་དང་འགྲོ་བའི་དོན་རླབས་ཆེན་ཞིག་བསྒྲུབ་ཐུབ་རྒྱུར་སྙིང་ལ་རུས་པ་བཅུག་ནས་འབད་བརྩོན་བྱེད་དགོས་ཀྱི་རེད། བཀྲིས་བདེ་ལེགས། ཐུགས་རྗེ་ཆེ་ཞེས་བཀའ་སློབ་སྩལ་ཡོད།