༢༠༡༢ ཟླ་ ༩ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༠ རེས་གཟའ་ཕུར་བུའི་ཉིན་རྒྱབ་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ཐོག་བཅའ་ཁྲིམས་དོན་ཚན་བཅུ་དགུ་པས་མཚོན་པའི་བཅའ་ཁྲིམས་ནང་བཀའ་བློན་ཁྲི་པ་ཞེས་པའི་ཚབ་ཏུ་སྲིད་སྐྱོང་ཞེས་བསྐྱར་བཅོས་གནང་རྒྱུར་སྤྱི་མོས་ཐོག་ནས་རྒྱབ་སྐྱོར་ཐོབ་ཡོད། དེ་ལྟར་ཐེངས་འདིར་སྤྱི་མོས་ཀྱིས་ཐག་གཅོད་བྱུང་བར་སྤྱི་འཐུས་ཚོགས་གཙོ་མཆོག་གིས་འཚམས་འདྲི་ཞུས་ཡོད། དེ་ཡང་སྔ་ལོ་ཕྱི་ཟླ་ ༨ ཚེས་ ༨ ཉིན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གི་བཀའ་ཁྲིའི་དམ་འབུལ་མཛད་སྒོའི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་རང་ལོ་བཅུ་དྲུག་སྐབས་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཆབ་སྲིད་ཀྱི་དབང་ཆ་རྩིས་ལེན་ཞུས་པ་ཡིན། ད་ཆ་ལོ་དྲུག་ཅུ་ཕྱིན་རྗེས་མང་གཙོའི་ཐོག་ནས་འོས་འདེམས་བྱས་ཏེ་ཐོན་པའི་བློ་བཟང་སེང་གེ་ལགས་སྲིད་སྐྱོང་གསར་པ་ཆགས་ཡོད། མང་གཙོ་མཚན་ཉིད་ཚང་བའི་ཐོག་ནས་འོས་འདེམས་བྱས་ཏེ་ཐོན་པའི་འགོ་ཁྲིད་སྲིད་སྐྱོང་ལ་དབང་ཆ་རྩིས་འབུལ་ཞུ་བ་འདི་དངོས་གནས་རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན་ཟེར་བའི་དོན་དག་གཅིག་འདི་ཆགས་ཡོད། ཅེས་བཀའ་སློབ་ཕེབས་པ་ལྟར་གྲོས་ཚོགས་ནས་བཀའ་བློན་ཁྲི་པ་ཞེས་པའི་ཚབ་ཏུ་སྲིད་སྐྱོང་ཞེས་བསྐྱར་བཅོས་གནང་བ་དེ་ནི་དོན་སྙིང་ལྡན་པ་ཞིག་ཆགས་ཡོད། ཐེངས་འདིར་གྲོས་འཆར་འདོན་མཁན་བདེ་སྲུང་བཀའ་བློན་མཆོག་ཡིན་འདུག་པ་བཅས།།།