༢༠༡༢ ཟླ་ ༩ ཚེས་ ༡༩ རེས་གཟའ་ལྷག་པ།
༄༅། །རྒྱ་གར་ཨར་ཨེ་སི་ཨེ་སི་ RSS ཚོགས་པའི་གཙོ་འཛིན་སྐུ་ཞབས་ཀེ་སུ་དར་ཤན་མཆོག་ Mr Kuppalli Sitaramayya Sudarshan སྐུ་ཚེའི་འཕེན་པ་རྫོགས་པར་སྐབས་བཅོ་ལྔ་པའི་འབོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་སྐབས་བཀའ་ཤག་དང་སྤྱི་འཐུས་རྣམ་པས་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གཞག་ཡོད། དམ་པ་ཁོང་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༥ ཉིན་དགུང་གྲངས་ ༨༡ ཐོག་ཆ་ཏི་སི་གྷར་ Chattisgarh མངའ་སྡེའི་ནང་རའི་པུར་ Raipurགྲོང་ཁྱེར་དུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད། དེ་ཡང་སྤྱི་འཐུས་ལྷན་ཚོགས་ནང་བཞག་པའི་གྲོས་ཆོད་ནང་འཁོད་དོན། ཀེ་སུ་དར་ཤན་མཆོག་གིས་འདས་པའི་མི་ལོ་དྲུག་ཅུ་ལྷག་གི་རིང་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཆེད་བློས་བཏང་གནང་ཡོད། སྐབས་དེར་དམ་པ་ཁོང་ནི་ཆོས་ལུགས་མཐུན་སྒྲིལ་དང། འཛམ་གླིང་ཞི་བདེ་གོང་འཕེལ། དེ་བཞིན་བོད་མིའི་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་མ་ཟད། བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཧ་ཅང་ཞུ་མཁན་ཞིག་དང་བོད་པའི་གྲོགས་པོ་བློས་ཐུབ་ཅིག་ཀྱང་ཡིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དམ་པ་ཁོང་གིས་ཚེ་རབས་ཕྲེང་བ་ནས་བསགས་པའི་སྡིག་ལྟུང་བག་ཆགས་དང་བཅས་པ་བྱང་ཞིང་དག་སྟེ་དལ་འབྱོར་གྱི་རྟེན་བཟང་ཐོབ་པ་དང་ཁོང་གི་ནང་མི་ལྟོས་བཅས་ཡོངས་ལ་གདུངས་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།
གཞན་ཡང་ཕྱི་ཚེས་ ༡༥ ཉིན་བཀའ་ཁྲི་མཆོག་གིས་གདུང་སེམས་མཉམ་སྐྱེའི་ཕྱག་བྲིས་ཤིག་ཕུལ་བའི་ནང་། བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱིས་དམ་པ་ཁོང་སྐུ་ཚེའི་འཕེན་པ་རྫོགས་པར་ཧ་ཅང་གི་བློ༞་ཕམ་ཆེན་པོའི་ཐོག་ནས་མྱང་ངན་གུས་འདུད་ཞུ་རྒྱུ་ཡིན། ང་ཚོས་དམ་པ་ཁོང་གིས་རྒྱབ་སྐྱོར་གནང་བ་དེར་དུས་རྟག་ཏུ་རྗེས་དྲན་ཞུས་པ་དང་སྦྲགས། ཡི་རང་ཞུ་རྒྱུ་ཡིན་ཞེས་འཁོད་འདུག སྤྱིར་དམ་པ་ཁོང་ནི་ཕྱི་ལོ་ ༡༩༣༡ ཕྱི་ཟླ་ ༦ ཚེས་ ༡༨ ཉིན་རའི་པུར་གྲོང་ཁྱེར་རྒྱ་གར་བྲམ་ཟེའི་རིགས་སུ་འཁྲུངས་ཡོད། ཁོང་ནས་དགུང་ལོ་ ༩ ཐོག་ཨར་ཨེ་སི་ཨེ་སིའི་ཚོགས་པའི་ནང་མཉམ་ཞུགས་གནང་ཡོད་པ་བཅས།།