༢༠༡༢ ཟླ་ ༩ ཚེས་ ༡༥ རེས་གཟའ་སྤེན་པ།
༄༅། །འདི་གར་ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་བཟང་མཁས་གྲུབ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༤ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༡།༣༠ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འབྲི་གུང་དཔེ་མཛོད་ཁང་ནས་འབྲི་གུང་བཤད་གྲྭར་ཆིབས་སྒྱུར་བསྐྱངས་ཏེ་ཐོག་མར་གཙུག་ལག་ཁང་དེར་བཞུགས་སུ་གསོལ་བའི་ནང་རྟེན་རྣམས་ལ་གནས་གཟིགས་མཛད། དེ་ནས་བཞུགས་ཁྲིར་འཁོད་མཚམས་འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་རྗེས་རྟེན་འབྲེལ་གསོལ་ཇ་འབྲལ་སིལ་འདེགས་འབུལ་ཞུས་རྗེས་༸གོང་ས་མཆོག་གིས་བཀའ་སློབ་མདོར་བསྡུས་ཕེབས་པའི་ནང་།
འབྲི་གུང་རིན་པོ་ཆེ་དང་འདུས་དམངས་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་ཡིན། ད་རེས་རིན་པོ་ཆེའི་སར་ཁྱུག་ཙམ་སླེབས་ཐུབ་པ་རེད། སྔོན་མ་རིན་པོ་ཆེ་བོད་ནས་ཕེབས་རྗེས་ཐེངས་གཅིག་མཇལ་རྒྱུ་བྱུང་བས་སྐལ་པ་བཟང་པོ་བྱུང་ལ་ཡང་ད་རེས་སླར་ཡང་མཇལ་རྒྱུ་བྱུང་བ་རེད། འདུ་ཁང་གསར་པའི་ནང་པཎ་གྲུབ་བཅུ་བདུན་བཞེངས་འདུག་པ་ཧ་ཅང་ཡག་པོ་བྱུང་འདུག ཅེས་དང་གཞན་ཡང་ཐོས་བསམ་སྒོམ་གསུམ་ལྡན་པའི་སློབ་གཉེར་བྱེད་དགོས་སྐོར་དང་འབྲི་གུང་ཆེ་ཚང་རིན་པོ་ཆེ་བོད་ནས་རྒྱ་གར་ལ་ཕེབས་སྐབས་མི་འདྲ་ཙམ་བྱས་ནས་ཕེབས་ཐུབ་སོང་། འདིར་ཕེབས་འབྱོར་བྱུང་རྗེས་སྤྱི་པའི་དོན་དུ་བསམ་པ་རྣམ་དག་དང་ངོ་ལྐོག་གཡོ་ཟོལ་མེད་པར་ཡག་པོ་ཞེ་དྲག་ཡིན། བར་སྐབས་ཤིག་ལ་སྐུ་གཟུགས་ཕྲན་བུ་སྐྱོ་བོ་ཆགས་འདུག
དེར་བརྟེན་སྨན་བཅོས་དང་འཕྲོད་བསྟེན་གནང་རྒྱུར་ཐུགས་གཡེང་མ་ཤོར་བར་གནང་རོགས་གནང་། གཉིས་ནས་རིན་པོ་ཆེའི་དྲུང་དུ་བཞུགས་མཁན་བཤད་གྲྭའི་ལས་ཀ་བྱེད་མཁན་ཚོས་བཤད་གྲྭའི་ལས་ཀར་འཐུད་མ་ཤོར་བར་རིན་པོ་ཆེར་གུས་པའི་མཆོད་པ་འབུལ་རྒྱུ་ཞིག་དང་། དཔེ་མཛོད་ནང་ལས་ཀ་བྱེད་མཁན་ཚོས་ཀྱང་དེ་དེ་བཞིན་སོ་སོའི་སྐབས་བབས་ཀྱི་ལས་འགན་ཡག་པོ་བསྒྲུབ་དགོས་པ་ཡིན། དེ་བཞིན་རིན་པོ་ཆེར་ཞབས་ཕྱི་ཞུ་མཁན་ཚོས་རིན་པོ་ཆེའི་དགོངས་པ་མཐིལ་ཕྱིན་པ་བསྒྲུབ་ཐུབ་པར་ཚང་མས་ཧུར་ཐག་བྱེད་རོགས་ཟེར་རྒྱུ་ཡིན། ཁྱེད་ཚོས་རིན་པོ་ཆེར་ཞབས་ཞུ་གཡོ་ཟོལ་མེད་པར་བསམ་པ་རྣམ་དག་ཞུས་ན་ངོས་ཀྱང་དགའ་པོ་ཡོང་བ་འདུག་པས་དེ་ལྟར་བྱེད་རོགས་ཟེར་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས་ཞེས་བཀའ་སློབ་ཕེབས་རྗེས་༸གོང་ས་མཆོག་སྟོན་འཁོར་རྣམས་མངོན་དགའ་སློབ་གྲྭར་ཆིབས་ཞལ་བསྒྱུར།