༢༠༡༢ ཟླ་ ༩ ཚེས་ ༡༥ རེས་གཟའ་སྤེན་པ།
༄༅། །འདི་གར་ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་བཟང་མཁས་གྲུབ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༤༠ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྨིན་གྲོལ་གླིང་བཞུགས་གནས་དགོན་ནས་ཁལ་མན་ཊོན་ས་གནས་སུ་རྟེན་གཞི་བྱས་པའི་འབྲུག་པ་བཀའ་བརྒྱུད བདེ་ཆེན་ཆོས་འཁོར་གླིང་དུ་ཆིབས་སྒྱུར་བཀའ་དྲིན་ཆེ་བ་བསྐྱངས་ཏེ་དགོན་དེར་གནས་གཟིགས་དང་འདུས་དམངས་རྣམས་ལ་སློབ་གཉེར་ཐད་ཤུགས་སྐྱོན་དགོས་པའི་བཀའ་སློབ་ལམ་སྟོན་གནད་སྨིན་མདོར་བསྡུས་སྩལ་ཏེ་བདེ་སྐྱིད་གླིང་གཞིས་ཆགས་སུ་ཆིབ་ཞལ་བསྒྱུར། བདེ་སྐྱིད་གླིང་གཞིས་ཆགས་སུ་སྔ་དྲོའི་ཆུ་ཚོད་ ༩ པའི་ཐོག་༸ཞབས་སོར་འཁོད་སྐབས་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་ནོར་གླིང་གསུང་ཆོས་རྭ་བར་ཆིབས་སྒྱུར་གྱིས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་མཚམས། དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་དང་ས་གནས་འགོ་འཛིན་གསར་རྙིང་བཅས་ནས་མཇལ་དར་རྐྱང་འབུལ་གྱི་ཕེབས་བསུ་གཟབ་རྒྱས་ཞུས། དེ་ནས་༸གོང་ས་མཆོག་གིས་ཐེངས་འདིར་བདེ་སྐྱིད་གླིང་གཞིས་ཆགས་ཀྱི་མི་མང་དང་དེ་བཞིན་གཡས་གཡོན་གཞིས་ཆགས་དང་སློབ་གྲྭ བཟོ་གྲྭ་ཁག་བཅས་ནས་བཅར་བའི་ཆོས་ཞུ་བ་མི་གྲངས་ ༥༠༠༠ བརྒལ་བར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། ཞེས་པའི་ལེའུ་དང་པོའི་ཆོས་འབྲེལ་གྱི་ཐོག་མར་ནང་ཆོས་ངོ་སྤྲོད་སྐབས་བཀའ་སློབ་ཕེབས་དོན།
ད་རེས་ངོས་རང་སྡེ་ར་ལྡུན་ཁུལ་དུ་ཁྱུག་ཙམ་ཡོང་རྒྱུའི་གོ་སྐབས་ཤིག་བྱུང་བར་ཧ་ཅང་དགའ་པོ་བྱུང་། ད་རེས་ཆོས་བརྒྱུད་ཁག་གི་གཙུག་ལག་ཁང་ཁག་འགའ་ཞིག་ཡོད་པར་ཁྱུག་ཙམ་ཁྱུག་ཙམ་རེ་འགྲོ་རྒྱུ་བྱུང་། འོན་ཀྱང་ས་གནས་དང་དགོན་པ་སོ་སོར་ཆོས་འབྲེལ་བྱེད་རྒྱུར་དུས་ཚོད་ཀྱི་འདང་གི་མི་འདུག དེ་ལས་མང་ཚོགས་རྣམས་ཐུག་སྟེ་ཆོས་འབྲེལ་ཞིག་བྱས་ན་ཞེས་སང་གི་ཆོས་སྤྱི་བཤད་ཐོག་ནས་ངོ་སྤྲོད་བྱེད་རྒྱུ་གཅིག་དང་། ཆོས་འབྲེལ་སྐབས་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་དང་པོ་འཆད་རྒྱུ་དང་། སང་ཉིན་ས་ཆ་ཅུང་གུ་ཡངས་ས་ཁལ་མན་ཊོན་དུ་ཡོད་པའི་བཀྲ་ཤིས་འཁྱིལ་དགོན་དུ་ཐུགས་རྗེ་ཆེན་པོའི་དབང་ཆེན་གྱི་ཆོས་འབྲེལ་བྱེད་རྒྱུ་ཡིན། བྲེལ་ཚུབ་ཆེན་པོ་འདིའི་ནང་ཆོས་འབྲེལ་ཐེངས་གཉིས་བྱེད་རྒྱུ་བྱུང་བར་དགའ་པོ་བྱུང། གང་ལྟར་ངོས་རང་ཕར་ཚུར་ཕྱིན་ཏེ་མཛད་སྒོ་ཚུགས་རྒྱུའི་དོན་དུ་མིན། ང་ཚོ་ཐུག་ནས་བསམ་བློ་གང་འདྲ་ཞིག་གཏོང་དགོས་ཀྱི་འདུག མི་ཚེ་གང་འདྲ་ཞིག་སྐྱེལ་དགོས་ཀྱི་འདུག་གམ། དེ་དང་འབྲེལ་བའི་ཐོག་ནས་སྤྱིར་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་དེ་གང་འདྲ་ཡིན་པ་དེ་ཁྱེད་རང་ཚོ་ཡིན་ཡང་ཤེས་ན་ཕན་ཐོགས་ཡོད། ངོས་རང་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་པ་ཞིག་ཡིན་པའི་ངོས་ནས་སངས་རྒྱས་པའི་ཆོས་ངོ་སྤྲོད་ཞུ་རྒྱུ་དེ་དག་ངོས་རང་གི་ལས་འགན་ལྟ་བུ་ཡིན་པས་གང་ལྟར་མ་འཆི་བར་བྱེད་རྒྱུ་རེད། ཆབ་སྲིད་ཀྱི་ལས་འགན་ད་ཆ་བཞག་ཟིན་པ་ཡིན། དེར་བརྟེན་དེ་རིང་འདིར་ཆོས་འགྲེལ་བྱེད་རྒྱུ་བྱུང་བར་དགའ་པོ་བྱུང་། ངོས་ཀྱིས་ནམ་རྒྱུན་དུ་ཆོས་འབྲེལ་བྱེད་སྐབས་འབྲེལ་བཤད་གཙོ་བོ་རྒྱག་གི་ཡོད། ཁྱེད་ཚོས་༸རྒྱལ་བ་རིན་པོ་ཆེ་ཞལ་མཇལ་གསུང་ཐོས་ཏེ་སྐལ་བ་བཟང་པོ་བྱུང་ལ་བྱིན་རླབས་ཐོབ་སོང་ཟེར་རྒྱུ་དེ་མིན་པར། ངོས་ཀྱིས་བསམ་བློ་གཏོང་སྟངས་དང་བྱེད་སྟངས་གང་འདྲ་བྱེད་དགོས་མིན། གང་ལྟར་མི་ཚེ་གཅིག་སྐྱེལ་སྟངས་སྐོར་ཤོད་ཀྱི་ཡོད། དེ་ཁྱེད་རང་ཚོས་སེམས་ལ་ངེས་པ་བྱེད་དགོས། ཞེས་དང་ཡང་༸གོང་ས་མཆོག་གིས་ལུང་པ་ཡར་ཕྱིན་པའི་ནང་མི་རང་ཤི་རྒྱག་མཁན་མང་པོ་ཡོང་བཞིན་འདུག་པ་མ་ཟད།
ང་ཚོ་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་དུའང་ཡོང་བཞིན་འདུག དེ་སྔ་དཔེར་ན། ལ་དྭགས་ཁུལ་དུ་རང་ཤི་རྒྱག་མཁན་བྱུང་བའི་སྐད་ཆ་ཧ་ལམ་མི་འདུག བར་སྐབས་ལ་རང་ཤི་རྒྱག་མཁན་མང་དུ་འགྲོ་བཞིན་ཡོད་སྐོར་བརྗོད་ཀྱི་འདུག དེ་བཞིན་མོན་ཁུལ་དུའང་དེང་སྐབས་རང་ཤི་རྒྱག་མཁན་མང་དུ་འགྲོ་བཞིན་པ་དང་འབྲས་ལྗོངས་ཁུལ་དུའང་དེ་ལྟ་ཡོད་སྐོར་བརྗོད་ཀྱི་འདུག ཕྱི་རྒྱལ་ལུང་པ་ཉི་ཧོང་ལ་ཆ་བཞག་ན། དངོས་པོ་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་ཡོད་ཀྱང་རང་ཤི་རྒྱག་མཁན་པོ་བྱུང་འདུག ལྷག་པར་གཞོན་སྐྱེས་ནང་སེམས་མ་སྐྱིད་པས་སྲོག་རླུང་འཕར་བ་དང་སེམས་ཞུམ་སྟེ་མ་སྐྱིད་པ་བྱེད་རྒྱུ་མང་པོ་ཡོང་བཞིན་འདུག དེར་བརྟེན་ད་ཆ་དྲི་བ་གསར་པ་ཞིག་ཡོང་བཞིན་ཡོད་པ་དེ་ནི། ད་བར་ང་ཚོའི་འགྲོ་སྟངས་དེ་དང་ལྷག་པར་སློབ་སྦྱོང་སྤྲོད་སྟངས་དེ་དག་གིས་མ་འདང་བ་ཞིག་ཡོད། འོན་ཀྱང་མ་འདང་བ་དེ་ཁ་བསབ་སྟངས་མ་ཤེས་པ་ལྟ་བུའི་དུས་ལ་སླེབས་འདུག ཅེས་སོགས་ཀྱི་སྔོན་འགྲོའི་ཆོས་འབྲེལ་བཀའ་སློབ་ལམ་སྟོན་ཟབ་རྒྱས་ཕེབས་ཏེ་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་དང་པོའི་ཆོས་འབྲེལ་དངོས་གཞི་འགོ་འཛུགས་མཛད། ཉིན་གུང་ཆུ་ཚོད་ ༡༢ ཐོག་ཆོས་འབྲེལ་རྣམས་ཡོངས་སུ་གྲུབ་པ་དང་སྦྲགས་དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་བཀའ་དྲིན་གཏང་རག་གི་མཎྜལ་རྟེན་གསུམ་འདེགས་འབུལ་དང་བདེ་སྐྱིད་གླིང་ས་གནས་འགོ་འཛིན་གསར་རྙིང་གཉིས་ཀྱིས་དཀར་གཙང་མཇལ་དར་རྐྱང་འབུལ་ཞུས་ཏེ་ཆོས་འབྲེལ་ལེགས་པར་གྲུབ་སྟེ་༸གོང་ས་མཆོག་སྟོན་འཁོར་དང་བཅས་པ་འབྲི་གུང་དཔེ་མཛོད་ཁང་ལ་ཆིབས་སྒྱུར་གྱིས་ཉིན་གུང་ལྗགས་སྨིན་དཔེ་མཛོད་ཁང་དུ་མཛད་ཡོད་པ་བཅས།།