ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༥ ཉིན་ལྷོ་ཁ་ས་ཁུལ་གྲ་ནང་རྫོང་ཁོངས་སུ་ཡོད་པའི་བསམ་ཡས་དགོན་པའི་མཁན་པོ་ཕུད་དེ་བྱིངས་ཡོངས་རྫོགས་ནས་དུས་གཅིག་ཏུ་དགོན་པའི་ཉེ་འཁྲིས་སུ་ཡོད་པའི་གྲོང་ཚོར་བསྐྱོད་དེ་ཞི་རྒོལ་སྐད་འབོད་ཤུགས་ཆེ་བྱས་ཡོད་པ་དང་། དེ་ཉིན་རྫོང་འབྲེལ་ཡོད་ཚན་པ་སོགས་ནས་བཀག་འགོག་བྱས་རྗེས་དགོན་པར་དམ་བསྒྲགས་བྱ་རྒྱུའི་ཆེད་དྲག་ཆས་དམག་མི་སོགས་འཕྲལ་གཏོང་བྱས་ཡོད་ཀྱང་། ཉིན་གྲངས་གསུམ་རིང་དགེ་འདུན་པ་གཅིག་ཀྱང་དགོན་པའི་ཕྱིར་མ་ཐོན་པ་མ་ཟད། དམག་མི་དེ་ཚོའང་དགོན་པའི་ནང་འཛུལ་སྟངས་མ་ཤེས་པར་ཕྱི་མི་ཡོང་རྒྱུར་བཀག་འགོག་བྱས་ཏེ་གནས་པ་དང་། དེ་མཇུག་རྫོང་འབྲེལ་ཡོད་ཚན་པ་བརྒྱུད་ལྷོ་ཁ་ས་ཁུལ་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་སྤེལ་ཆེད་སྤྱི་བདེ་དང་ལས་བྱེད་པ། དམག་མི་སོགས་ཁྱོན་ཆེ་འབྱོར་ཏེ་སློབ་གསོའི་ལས་འགུལ་ཤུགས་ཆེ་སྤེལ་བ་མ་ཟད། དགེ་འདུན་པ་དགུ་དངོས་སུ་འཛིན་བཟུང་བྱས་འདུག ཕྱི་ལོ་ ༢༠༠༨ ཟླ་ ༡༡ བར་དགོན་པར་ཡུལ་བསྐོར་བ་སོགས་ཕྱི་མི་ཡོང་རྒྱུར་བཀག་འགོག་བྱས་པ་དང་།
དེ་བཞིན་བསམ་ཡས་དགོན་པ་སྒོ་རྒྱབ་རིང་ཟླ་བ་གསུམ་པའི་རྗེས་རང་ཤི་རྒྱག་དགོས་བྱུང་བའི་དགེ་འདུན་པ་དེ་ནི་སྐྱེས་ཡུལ་སྙེ་མོ་རྫོང་ཁོངས་ནས་ཡིན་ཅིང་། མིང་ལ་རྣམ་གྲོལ་མཁའ་ཁྱབ་ཟེར་བ་དང་། ལྷོ་ཁའི་རྡོ་རྗེ་བྲག་དགོན་པའི་དགེ་འདུན་པ་ཞིག་ཡིན་པ་དང་། རང་ལོ་ ༢༠ ནས་ ༣༠ བར་སོན་ཡོད། ཁོང་ནི་རྒྱུན་གཏན་བསམ་ཡས་དགོན་པར་བཤད་གྲྭའི་ཁོངས་སློབ་གཉེར་བྱེད་པར་ཡོང་བ་ཞིག་རེད། ཁོང་ནས་འཆི་ཁར་ཁ་ཆེམས་ཡི་གེ་ཞིག་བཞག་ཡོད་པའི་ནང་། དགོན་པའི་དགེ་འདུན་པ་ཚང་མར་ཉེས་པ་མེད། འགན་ཚང་མ་ང་རང་ལ་ཡོད་ཅེས་སོགས་བྲིས་བཞག་སྟེ་རང་ཤག་ཏུ་རང་ཤི་བརྒྱབ་པའི་གནས་ཚུལ་ཐོན་འདུག
གཞན་བསམ་ཡས་དགོན་ནས་འཛིན་བཟུང་དུ་ཚུད་པའི་དགེ་འདུན་པ་དགུ་ལ་སྔ་ལོའི་ཕྱི་ཟླ་ ༦ པའི་ཟླ་དཀྱིལ་ཙམ་དུ་ལྷོ་ཁ་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་དུས་བཀག་བཙོན་འཇུག་གིས་ཁྲིམས་ཆད་བཏང་འདུག་ཅིང་། བསམ་ཡས་དགོན་དུ་དགོན་སྡེ་གཞན་ནས་བཤད་གྲྭའི་ཁོངས་སློབ་གཉེར་བྱེད་བཞིན་པའི་དགེ་འདུན་པའང་ཡོད་ཁོངས།
༡༽རྒྱལ་མཚན། སྐྱེས་ཡུལ་ལྷོ་ཁ་མཚོ་སྣ། བསམ་ཡས་དགོན་གྱི་གྲྭ། དུས་བཀག་བཙོན་འཇུག་ལོ་ ༡༥
༢༽བསྟན་འཛིན་བུ་ཆུང་། སྐྱེས་ཡུལ་འཕན་པོ། གླང་ཐང་དགོན་གྱི་གྲྭ། དུས་བཀག་བཙོན་འཇུག་ལོ་ ༡༥
༣༽ཉི་མ་བཀྲིས། སྐྱེས་ཡུལ་ལྷོ་ཁ་གོང་དཀར། བསམ་ཡས་དགོན། དུས་བཀག་བཙོན་འཇུག་ལོ་ ༡༣
༤༽ཕུན་ཚོགས། ལྷ་ས་སྐྱིད་རས། བསམ་ཡས་དགོན། དུས་བཀག་བཙོན་འཇུག་ལོ་ ༡༣
༥༽བསྟན་འཛིན་བཟོད་པ། ལྷོ་ཁ་མཚོ་སྨད། ཇོ་བོ་དགོན། དུས་བཀག་བཙོན་འཇུག་ལོ་ ༡༣
༦༽བསྟན་འཛིན་ཟླ་བ། ལྷོ་ཁ་གྲ་ཕྱི། བསམ་ཡས་དགོན། དུས་བཀག་བཙོན་འཇུག་ལོ་ ༢
༧༽རིག་ལྡན། ལྷོ་ཁ་གྲ་ནང་། བསམ་ཡས་དགོན། དུས་བཀག་བཙོན་འཇུག་ལོ་ ༢
༨༽དགེ་ལེགས། ལྷོ་ཁ་ལྷོ་བྲག གསང་སྔགས་ཆོས་འཁོར་དགོན། དུས་བཀག་བཙོན་འཇུག་ལོ་ ༢
༩༽ངག་དབང་བསྟན་འཛིན། ལྷོ་ཁ་སྣང་དཀར་རྩེ། ཀ་ཐོག་དགོན། དུས་བཀག་བཙོན་འཇུག་ལོ་ ༢ བཅས་བཟོས་ཡོད་འདུག