༢༠༡༢ ཟླ་ ༩ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། །འདི་གའི་ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་བཟང་མཁས་གྲུབ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨།༣༠ ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རྟེན་གཞི་བྱས་པའི་ (RAMAKRISHNA MISSION) ར་མ་ཀི་རི་ཤི་ནའི་ཆོས་ཚོགས་ཀྱིས་༸གོང་ས་མཆོག་ལ་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཆོས་ཚོགས་དེར་སོ་མི་ཝི་ཝེ་ཀ་ནན་ཌ་ (Swami Vivekananda) མཆོག་འཁྲུངས་ནས་ལོ་ ༡༥༠ འཁོར་བའི་དུས་ཆེན་དང་སྦྲགས་འཛམ་གླིང་ཆོས་ལུགས་རིས་མེད་ཀྱི་འཆམ་མཐུན་དང་ཞི་བདེའི་ལྷན་ཚོགས་སུ་༸ཞབས་སོར་བདེ་བར་འཁོད་ཡོད།
དེ་ཡང་ཐོག་མར་མགོན་པོ་གང་ཉིད་མཆོག་ར་མ་ཀི་རི་ཤི་ནའི་ལྷ་ཁང་དུ་གདན་འདྲེན་ཞུས་ཏེ་དེར་དབུ་བཞུགས་ཐོག་ཧིན་དུ་དང་ཁ་ཆེ། ཇེའུ། བྷའེ། ཇེན། ནང་པ། ཡི་ཤུ། པར་ཤི། སིཀ་སོགས་ཆོས་ལུགས་ཆེ་ཁག་ཚང་མའི་བླ་ཆེན་རྣམས་དེར་བཅར་ཏེ་བླ་ཆེན་རྣམ་པས་རིམ་བཞིན་སྨོན་ལམ་གསུང་འདོན་གནང་གྲུབ་མཚམས་༸གོང་ས་མཆོག་གིས་ཆོས་ལུགས་ཕན་ཚུན་མཐུན་ལམ་དགོས་སྐོར་བཀའ་སློབ་སྙིང་བསྡུས་ཤིག་སྩལ། དེ་ནས་ཆུ་ཚོད་ ༩།༣༠ ཐོག་སོ་མི་ཝི་ཝེ་ཀ་ནན་ཌ་མཆོག་ལ་དམིགས་ཏེ་འགྲེམས་སྟོན་གསར་པ་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ར་མ་ཀི་རི་ཤི་ནའི་ཆོས་ཚོགས་དེའི་སྤྱི་ཁྱབ་གཙོ་འཛིན་གཞོན་པ་སོ་མི་ས་མ་རན་ནན་ཌ་ཇི་མཆོག་གིས་དབུ་འབྱེད་མཛད་པ་དང་ལྷན་འགྲེམས་སྟོན་ལ་གཟིགས་སྐོར་མཛད་གྲུབ་རྗེས་སོ་མི་ཝི་ཝེ་ཀ་ནན་ཌ་མཆོག་གི་ལོ་རྒྱུས་དངོས་ཀྱི་གློག་བརྙན་མདོར་བསྡུས་འབུར་གཟུགས་ཅན་ནམ་( 3 D )ཐོག་བཟོས་ཡོད་པ་གཟིགས་འབུལ་ཞུས།
དེ་ནས་ཆུ་ཚོད་ ༡༠ ཐོག་མགོན་པོ་གང་ཉིད་མཆོག་ཆོས་ཚོགས་དེའི་སྤྱི་ཁྱབ་གཙོ་འཛིན་གཞོན་པ་མཆོག་དང་དེ་སྔའི་རྒྱ་གར་གྱི་སྲིད་འཛིན་ཨབ་ཌུལ་ཀ་ལམ་མཆོག་གི་ལྷན་ཚོགས་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་༸གོང་ས་མཆོག་གིས་ཐེངས་འདིའི་འཛམ་གླིང་ཆོས་ལུགས་རིས་མེད་ཀྱི་འཆམ་མཐུན་དང་ཞི་བདེའི་ལྷན་ཚོགས་དངོས་སུ་དབུ་འབྱེད་མཛད། དེ་རྗེས་ཆོས་ཚོགས་དེའི་སློབ་ཕྲུག་ཁག་གཅིག་གིས་ཆོས་ལུགས་ཕན་མཚུན་མཐུན་ལམ་དང་འཛམ་གླིང་ཞི་བདེ་དང་འཆམ་མཐུན། བྱམས་བརྩེ་ལྡན་པ་ཡོང་བའི་ནང་དོན་ཅན་གྱི་གླུ་དབྱངས་གཟིགས་འབུལ་ཞུས་གྲུབ་མཚམས། ཐེངས་འདིའི་ལྷན་ཚོགས་གོ་སྒྲིག་ཚོགས་ཆུང་ནས་༸གོང་ས་མཆོག་དང་དེ་སྔའི་རྒྱ་གར་གྱི་སྲིད་འཛིན་ཨབ་ཌུལ་ཀ་ལམ་མཆོག ཆོས་ཚོགས་དེའི་སྤྱི་ཁྱབ་གཙོ་འཛིན་གཞོན་པ་བཅས་ལ་དྲན་རྟེན་གྱི་ཕྱག་རྟགས་འབུལ་ལམ་ཞུས།
དེ་ནས་ར་མ་ཀི་རི་ཤི་ནའི་ཆོས་ཚོགས་ཀྱི་དྲུང་ཆེས་ཕེབས་བསུའི་གསུང་བཤད་གནང་བའི་ནང་། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་འདི་གར་ཆིབས་སྒྱུར་བསྐྱངས་པར་འཚམས་འདྲི་ཞུ་བ་དང་སྦྲགས་ད་རེས་ང་ཚོར་ཁོང་དང་ལྷན་བགྲོ་གླེང་ཞུ་རྒྱུའི་གོ་སྐབས་ཧ་ཅང་བཟང་པོ་ཐོབ་བྱུང་། ང་ལ་ཉམས་མྱོང་གང་ཐོབ་བྱུང་ཞུས་ན། སྐུ་ཉིད་མཆོག་ནི་ཁྱད་དུ་འཕགས་པའི་ཞི་བདེ་དང་འཆམ་མཐུན་གྱི་མཚོན་རྟགས་ཤིག་ཡིན་པ་མ་ཟད། ས་གནས་གང་དུ་ཆིབས་སྒྱུར་བསྐྱང་ཡང་མི་མང་ལ་ཞི་བདེ་དང་འཆམ་མཐུན་གྱི་ཚོར་བ་རང་བཞིན་གྱིས་སྦྱིན་བཞིན་ཡོད། ཅེས་སོགས་ཀྱི་ཕེབས་བསུའི་གསུང་བཤད་གནང་།
དེ་རྗེས་ཆོས་ཚོགས་དེའི་སྤྱི་ཁྱབ་གཙོ་འཛིན་གཞོན་པས་༸གོང་ས་མཆོག་ལ་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་གྲུབ་རྗེས་དེ་སྔའི་རྒྱ་གར་གྱི་སྲིད་འཛིན་ཨབ་ཌུལ་ཀ་ལམ་མཆོག་གིས་གསུང་བཤད་གནང་བའི་ནང་། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་ས་ཕྱོགས་གང་སར་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ་གྱི་ཡོད། ཉེ་ལམ་སྐུ་ཉིད་མཆོག་གིས་ཕི་ཊི་བཞི་སྟོང་བརྒལ་བའི་མཐོ་སྒང་ལ་དྭགས་སུ་ཆིབས་སྒྱུར་བསྐྱངས་ཡོད་ཀྱང་སྐུའི་འཕྲོད་བཞེས་ལ་སྐུ་ངལ་རྩ་བ་ནས་འཕྲད་མེད། དེ་ནས་ཕི་ཊི་ལྔ་སྟོང་འོག་ཏུ་ཆགས་པའི་ས་གནས་སུ་ཆིབས་སྒྱུར་བསྐྱངས་ཡོད་ཀྱང་སྐུ་ངལ་རྩ་བ་ནས་འཕྲད་མེད་པ་དེས་སྐུ་ཉིད་མཆོག་གི་སྐུའི་འཕྲོད་བཞེས་ཧ་ཅང་ཡག་པོ་ཡོད་པ་གསལ་སྟོན་བྱས་ཡོད། ༸གོང་ས་ཏཱ་ལའི་བླ༌མ་མཆོག་གིས་སྤྱི་ཚོགས་འཆམ་མཐུན་དང་བྱམས་བརྩེ་། ཞི་བདེ་ཡོང་སླད་ཉིན་མཚན་དབྱེར་མེད་ཀྱི་ཐུགས་བརྩོན་མཛད་ཡོད། དེར་བརྟེན་སྤྱི་ཚོགས་སྟེང་ཞི་བདེ་དང་འཆམ་མཐུན་ཡོང་མིན་ནི་མདུན་གྲལ་དུ་བཞུགས་པའི་ཆོས་ལུགས་ཁག་གི་དབུ་ཁྲིད་ཁྱེད་རྣམ་པར་རག་ལུས་ཡོད། ཅེས་དེར་བཅར་བའི་ཆོས་ལུགས་དབུ་ཁྲིད་ཁག་ལ་དངོས་སུ་མཛུབ་སྟོན་གནང་སྟེ་གསུང་བཤད་གནང་ཡོད།
མཐར་༸གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་ཕེབས་ཡོད་པའི་ནང་། ཨབ་ཌུ་ཀ་ལམ་མཆོག་ནི་ངོས་ཀྱི་ཡུན་རིང་གི་གྲོགས་པོ་རྙིང་པ་ཉམས་མྱོང་དང་ཤེས་ཡོན་ལྡན་པའི་ཚན་རིག་མཁས་ཅན་ཞིག་ཡིན་པ་མ་ཟད། མང་གཙོའི་རྒྱལ་ཁབ་གྲགས་ཅན་རྒྱ་གར་གྱི་སྲིད་འཛིན་གནང་མྱོང་མཁན་ཞིག་ཡིན། རྒྱལ་ཁབ་འདི་ནི་འདས་པའི་འཛམ་གླིང་ལོ་རྒྱུས་སྟེང་སྙན་གྲགས་ཅན་གྱི་ལྟ་གྲུབ་སྨྲ་བའི་འབྱུང་གནས་ཤིག་ཆགས་ཡོད། ངོས་ཐེངས་གཅིག་རྒྱ་གར་གྱི་ཚན་རིག་པ་ར་ཇ་ར་མ་དང་ཐུག་འཕྲད་བྱུང་སྐབས་ཁོང་གིས་གསུང་དོན། ཁོང་གིས་ཀླུ་སྒྲུབ་ཀྱི་བརྩམས་ཆོས་ཤིག་བཀླགས་པ་དེའི་ནང་ཀོན་ཊམ་མམ་དངོས་པོའི་རྣམ་གཞག་སྐོར་བྲིས་ཡོད་པ་རྙེད་སོན་བྱུང་། ཞེས་དང་།
སྤྱིར་ཀོན་ཊམ་གྱི་རྣམ་གཞག་ནི་དེང་སྐབས་ཚན་རིག་པའི་བརྗོད་གཞི་གསར་པ་ཞིག་ཡིན་ཡང་། དེ་སྔའི་རྒྱ་གར་མཁས་པ་ཚོས་ལོ་ངོ་ཉིས་སྟོང་སྔོན་ནས་བྲིས་ཟིན་ཡོད་པ་ཤེས་རྗེས་ཁོང་ལ་སྤོབས་སེམས་ཆེན་པོ་སྐྱེས་བྱུང་ཞེས་བརྗོད་ཀྱི་འདུག་ཅེས་དང་། གཞན་ཡང་རྒྱ་གར་ནི་འཛམ་གླིང་འདིའི་སྟེང་གི་གལ་ཆེའི་ཆོས་ལུགས་ཆེ་ཁག་ཚང་མ་ལྷན་དུ་གནས་སའི་ཡུལ་ལུང་གལ་ཆེ་ཞིག་ཆགས་ཡོད། རྒྱ་གར་ནང་དར་བའི་ཆོས་ལུགས་ཆེ་ཁག་དང་དེ་བཞིན་ཕྱི་ཕྱོགས་ནས་དར་བ་སོགས་རྒྱ་གར་ནི་དཔེ་མཚོན་ལྡན་པའི་ཆོས་ལུགས་མཐུན་ལམ་ཐོག་གནས་པའི་ཡུལ་ཞིག་ཆགས་ཡོད། ཅེས་དང་། ལྷག་པར་༸གོང་ས་མཆོག་གིས་འདས་པའི་དུས་སུ་ཆོས་ལུགས་ཁག་གིས་རང་ཉིད་ཀྱི་ཆོས་ལུགས་དེ་ནི་ཆོས་ལུགས་ངོ་མ་དང་དྲང་བདེན་ཡིན་ཞེས་བརྗོད་ཀྱི་ཡོད། འོན་ཀྱང་དེང་གི་དུས་སུ་ཆོས་ལུགས་དབུ་ཁྲིད་རྣམ་པས་ཆོས་ལུགས་ཚང་མར་དངོས་ཡོད་གནས་ཚུལ་དང་མཐུན་པར་ཆོས་ལུགས་རེ་ལ་དྲང་བདེན་རེ་ཡོད་པར་ཁས་ལེན་གནང་བཞིན་ཡོད། ང་ཚོས་སྨོན་ལམ་བརྒྱབ་པ་ཙམ་གྱིས་འཆམ་མཐུན་དང་ཞི་བདེ་བསྒྲུབ་ཐུབ་ཐབས་མེད། དེར་བརྟེན་བྱ་བ་དངོས་ལ་འཇུག་དགོས་པའི་སྐོར་བཀའ་སློབ་ཕེབས་ཡོད།
མཐར་བཀའ་སློབ་ཕེབས་པའི་ནང་འདས་པའི་དུས་སུ་ར་མ་ཀི་རི་ཤི་ནའི་ཆོས་ཚོགས་ངོས་ནས་དམིགས་བསལ་ཤེས་ཡོན་སློབ་གསོའི་ཐོག་བྱས་རྗེས་ཆེན་པོ་འཇོག་ཐུབ་པ་བྱུང་འདུག་པས། མུ་མཐུད་རྒྱུན་སྐྱོང་ཡོང་བ་ཞུ་རྒྱུ་དང་སྦྲགས་འབྱུང་འགྱུར་ཤེས་ཡོན་སློབ་གསོའི་ཐད་བཟང་སྤྱོད་ཀྱི་སློབ་གསོ་བསྐྲུན་ཐབས་སླད་ཆོས་ལུགས་རིས་མེད་ཐོག་ནས་ཉམས་ཞིབ་གནང་ཐུབ་ཚེ་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་སྐོར་སོགས་ཀྱི་ལམ་སྟོན་བཀའ་སློབ་ཟབ་རྒྱས་སྩལ་རྗེས་མཛད་སྒོ་ལེགས་པར་གྲུབ་སྟེ་༸གོང་ས་མཆོག་བཞུགས་གནས་མགྲོན་ཁང་དུ་ཆིབས་སྒྱུར་བསྐྱངས།
ཉིན་དེའི་ཕྱེད་ཡོལ་ཆོས་ལུགས་རིས་མེད་ཀྱི་བླ་ཆེན་རྣམ་པ་དབུ་བཞུགས་ཐོག་ལྷན་ཚོགས་མུ་མཐུད་ཚོགས་ཐུན་གཉིས་ཚོགས་ཡོད་པ་དང་། ཕྱི་ཚེས་ ༡༢ ཉིན་ཡང་ལྷན་ཚོགས་མུ་མཐུད་གནང་རྒྱུ་ཡིན་པར་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་འགྲེམས་སྟོན་མི་སྣ་དང་ཆོས་ལུགས་དབུ་ཁྲིད། ཚན་རིག་མཁས་ཅན། གླུ་དབྱངས་མཁས་ཅན། རྩེད་རིགས་མཁས་ཅན་སོགས་འདུས་པའི་ལྷན་ཚོགས་གནང་རྒྱུ་ཡིན་འདུག་པ་བཅས།།